རྒྱ་ནག་གི་འབྱོར་ལྡན་རྣམས་ཕྱི་ཕྱོགས་སུ་འབྲོ་བཞིན་ཡོད་འདུག

རྒྱ་ནག་ནང་ཆབ་སྲིད་ཀྱི་རང་དབང་མེད་པ་དང། ཕྱི་ལོ་༢༠༢༡ ལོར་ཞིས་ཅིན་ཕིང་བསྐྱར་དུ་དུས་ཡུན་གསུམ་པའི་སྲིད་འཛིན་ལ་བསྡད་པར་བརྟེན། རྒྱ་ནག་ནང་སྒེར་གཉེར་གྱི་ཚོང་ལས་ཁང་མང་པོ་ཞིག་ལ་རྒྱ་ནག་དབུས་གཞུང་གིས་དམ་དྲག་དང་བཙན་བཀའི་ཐོག་ནས་དངུལ་ཕོན་ཆེན་བསྡུ་ལེན་བྱེད་ཀྱི་ཡོད་པས། ད་ཆར་འབྱོར་ལྡན་མང་པོ་ཞིག་ཕྱི་ཕྱོགས་སུ་འབྲོ་བཞིན་ཡོད་འདུག
ཕྱི་ཚེས་༡༤ ཉིན་རྒྱ་གར་(wion)དང་ཨ་རིའི་(Fortune)་གསར་ཁང་སོགས་ཀྱི་གནས་ཚུལ་ལྟར་ན། རྒྱ་ནག་ནང་སྒོར་ས་ཡའི་བདག་པོ་འབྱོར་ལྡན་མང་པོ་ཞིག་ཕྱི་ཕྱོགས་སུ་བྲོས་བྱོལ་དུ་འགྲོ་བཞིན་ཡོད་པས། འདི་ལོ་གཅིག་པུའི་ནང་འབྱོར་ལྡན་ཁྱོན་མི་༡༣༥༠༠ ཙམ་ཕྱི་ཕྱོགས་སུ་བྲོས་བྱོལ་ལ་ཕྱིན་འདུག་པ་དང་། ཕྱི་ལོ་༢༠༢༢ ནང་སྒོར་ས་ཡ་ཡོད་མཁན་འབྱོར་ལྡན་ཁྱོན་མི་༡༠༨༠༠ བྲོས་བྱོལ་ལ་ཕྱིན་ཡོད་འདུག ཕྱི་ལོ་༢༠༢༢ ཀྱི་ལོ་མཇུག་ལ་རྒྱ་ནག་ནང་སྒོར་ས་ཡ་ཡོད་མཁན་འབྱོར་ལྡན་མི་༧༨༠༠༠༠ ཟིན་ཡོད་པ་དང། ཚོད་དཔག་བྱས་པ་ལྟར་ན་འདི་ལོ་གཅིག་པུའི་ནང་འབྱོར་ལྡན་མི་༡༢༢༠༠༠ གནས་སྤོ་རྒྱུ་ཡིན་པར་རྗོད་བཞིན་འདུག རྒྱ་ནག་ནང་གི་འབྱོར་ལྡན་པ་མང་པོ་ཞིག་ཕྱི་ཕྱོགས་སུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་རྒྱ་ནག་ནང་དཔལ་འབྱོར་འཁོར་རྒྱུག་གི་སྒྲོམ་གཞི་ལ་དོ་ཕོག་ཆེན་པོ་འགྲོ་བཞིན་ཡོད་འདུག
འབྱོར་ལྡན་རྣམས་ཕྱི་ཕྱོགས་སུ་འགྲོ་དགོས་དོན་ཅི་ཡིན་ནམ།
ཕྱི་ལོ་༢༠༢༡ ལོར་ཞིས་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་དུས་ཡུན་གསུམ་པར་བསྡད་པ་ནས་བཟུང་ཞིས་ཅིན་ཕིང་གིས་སྤྱི་དམངས་ཀྱི་རྒྱུ་ནོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར་བའི་དྲིལ་བསྒྲགས་འོག ཡོང་འབབ་ཆེ་བའི་སྒེར་གཉེར་ཚོང་ལས་ཁང་མང་པོ་ཞིག་ལ་དཔྱ་ཁྲལ་ཕོན་ཆེན་ལེན་གྱི་ཡོད་པ་དང་། རྒྱ་ནག་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པའི་སྐབས་སུ་ནད་དུག་ཀླད་ཀོར་ཟེར་བའི་སྲིད་བྱུས་ཤིག་ལག་བསྟར་བྱས་པའི་རྐྱེན་གྱིས། འབྱོར་ལྡན་རྣམས་ཀྱི་སྒེར་གཉེར་ཚོང་ཁང་མང་པོ་ཞིག་གི་ཚོང་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་འདུག ད་ཆར་ནད་དུག་གཙང་བཟོའི་སྲིད་བྱུས་མེད་པའི་སྐབས་སུ་འབྱོར་ལྡན་རྣམས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་ཕྱི་ཕྱོགས་སུ་བྲོས་བྱོལ་དུ་འགྲོ་བཞིན་ཡོད་འདུག ཡང་རྒྱུ་མཚན་གཞན་ཞིག་ནི་ད་ཆར་ཞིས་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་ཡང་བསྐྱར་དུས་ཡུན་གསུམ་པར་བསྡད་པར་བརྟེན། འབྱོར་ལྡན་རྣམས་ཀྱིས་མ་འོངས་པར་རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་གོ་སྐབས་མེད་པར་མཐོང་བ་དང་། དེ་ལས་ཕྱི་ཕྱོགས་སུ་རང་དབང་དང་མང་གཙོ་ཡོད་པའི་རྒྱལ་ཁབ་གཅིག་ལ་གནས་སྤོས་ན་བཟང་བར་མཐོང་བའི་རྐྱེན་གྱིས་བྲོས་བྱོལ་ལ་འགྲོ་བཞིན་ཡོད་འདུག
རྒྱ་ནག་གི་འབྱོར་ལྡན་རྣམས་ས་ཕྱོགས་གང་དུ་བྲོས་བྱོལ་ལ་འགྲོ་བཞིན་ཡོད་དམ།
སྒོར་ས་ཡ་ཡོད་པའི་རྒྱ་ནག་གི་འབྱོར་ལྡན་རྣམས་ད་ཆར་རྒྱ་ནག་ནས་ཨོ་སི་ཌོ་ལི་ཡ་དང་ཨ་རབ་མཉམ་འབྲེལ་རྒྱལ་ཁབ་ནང་བྲོས་བྱོལ་མང་ཤོས་འགྲོ་བཞིན་ཡོད་འདུག་ལ། དེ་བཞིན་སེང་གྷ་པུར་ནང་ལ་ཡང་འགྲོ་མཁན་ཡོད་འདུག སེང་གྷ་པུར་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་བྱུས་དེ་ཨ་རྒྱ་གཉིས་དབར་སྤྱི་སྙོམས་ལྟ་བུ་ཞིག་བཞག་ཡོད་པ་ལས་ཕྱོགས་སུ་ལྷུང་མེད་པར་བརྟེན། རྒྱ་ནག་གི་འབྱོར་ལྡན་མང་པོ་ཞིག་སེང་གྷ་པུར་འགྲོ་རྒྱུར་འདོད་མོས་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་། སེང་གྷ་པུར་ནང་དུས་རྒྱུན་གྱི་འགྲོ་གྲོན་རྣམས་ཨ་རི་དང་ཨ་རབ་རྒྱལ་ཁབ་དག་དང་བསྡུར་ན་འགྲོ་གྲོན་ཆུང་བ་ཡོད་འདུག་པས། རྒྱ་མི་མང་པོ་ཞིག་ཀྱང་སེང་གྷ་པུར་གནས་སྤོར་བྱེད་བཞིན་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།