རྒྱ་ནག་གི་རྐང་ལམ་ཕྲ་མོ།

ནམ་མཁའ།

རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་ལམ་ལུགས་འཆི་ལ་ཉེ་ཡོད། ཡིན་ན་ཡང་།  ཅི་ལྟར་འཆི་མིན་ལ་རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་ཚོ་དང་། རྒྱ་ནག་གི་ཤེས་ཡོན་པ་ཚོའི་བར་ཐུན་མོང་གི་བསམ་ཕྱོགས་གཅིག་པ་ཞིག་ཡོང་ཐུབ་ཀྱི་མེད་པས། ནུབ་ཕྱོགས་ཀྱི་ཆབ་སྲིད་དཔྱད་བརྗོད་པ་ཚོས་གླེང་སློང་འདྲ་མིན་བྱེད་ཀྱི་ཡོད།  རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་ཤེས་ཡོན་པ་མང་པོ་ཞིག་གིས། གུང་ཁྲན་ཏང་གི་ཆབ་སྲིད་ལམ་ལུགས་མགོ་རྟིང་སློག་སྟེ། དེང་རབས་དམངས་གཙོ་ཅན་ཏུ་བསྒྱུར་རྒྱུ་དེ་རེད།  འོན་ཏེ། དེའི་རྒྱབ་ལོགས་སུ་འབྱུང་འགྱུར་གྱི་དཀའ་ངལ་ཆེན་པོ་ཞིག་གི་སྒུགས་ཡོད།

དེའི་རྐྱེན་རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་ཚོས། འབྱུང་འགྱུར་གྱི་དཀའ་ངལ་དེ་མི་ཡོང་བའི་ཆེད། འུ་ཚུགས་ཀྱིས་ཉི་མ་རེ་རེ་ལ་ཡང་ཆབ་སྲིད་ཀྱི་དྲིལ་བསྒྲགས་འདྲ་མིན་བྱེད་ཀྱི་ཡོད།

རྒྱ་ནག་གི་ཆབ་སྲིད་གློ་བུར་དུ་མགོ་རྟིང་སློག་ཚེ། དེང་སང་འཛམ་གླིང་གིས་ལྟད་མོ་བལྟ་བཞིན་པའི་༼སྰེ་རེ་ཡ་༽བཞིན་དུ་ནང་འཁྲུགས་ཆེན་པོ་ཞིག་སླེབས་མི་སྲིད་པ་མིན། དེ་ལ་རྒྱུ་མཚན་ཆེན་པོ་གཉིས་ཡོད།

༼གཅིག་ནི།༽ རྒྱ་ནག་མི་དམངས་བརྒྱ་ཆ༧༠ ལ་ཤེས་ཚད་ཞན་པ་མ་ཟད། ད་རུང་ཀུན་སྤྱོད་ཀྱི་ཆ་ནས་ཤིན་ཏུ་སྐྱོ་སྟབས། ཐེ་ཝན་གྱི་རྒྱ་རིགས་དང་ཧོང་ཀོང་གི་རྒྱ་རིགས་ཚོས་འཕྱ་དམོད་བྱེད་ས་ཞིག་ཏུ་གྱུར་ཡོད། དེ་ལས་ཀྱང་ཉེན་ཁ་ཆེན་པོ་ཞིག་ཡོད་པ་ནི། མི་དམངས་དང་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་ཚོས། མི་དམངས་ཉམ་ཆུང་ཚོའི་ལག་ནས་ས་ཞིང་དང་སྡོད་ཁང་སོགས་བཙན་འཕྲོག་བྱས་ཏེ། མི་དམངས་ཀྱི་སེམས་སུ་ན་ཟུག་ཆེན་པོ་བསླངས་ཡོད་མོད། འོན་ཀྱང་མི་དམངས་ཉམ་ཆུང་རྣམས་འབྲེལ་ཡོད་ལས་བྱེད་ཚོའི་ལག་གི་མེ་མདའ་དང་གདུག་རྩུབ་ལ་སྐྲག་སྟེ། འཁོན་འཛིངས་སློང་མ་ཐུབ་པར་སེམས་ཀྱི་ན་ཟུག་མནན་ཏེ་བཞག་ཡོད། ངས་འདིར་རྒྱ་ནག་གི་མི་དམངས་དང་འབྲེལ་ཡོད་ལས་བྱེད་ཚོ་ཤེས་ཚད་སྐྱོ་བོ་རེད་ཟེར་དོན་ནི། རྒྱ་ནག་གི་སློབ་གསོའི་ཁ་ཕྱོགས་དང་པོ་ནས་ནོར་འཁྲུལ་ཆེན་པོ་ཤོར་ཡོད། རྒྱུ་མཚན་ནི། མའོ་ཙེ་ཏུང་གིས་༼མཚོན་ཆའི་ཁ་ནས་རྒྱལ་ཁ་ཐོབ།༽ཟེར་བའི་གཏམ་བཤད་འདི་གཞིར་བཞག་གིས། ལོ་ངོ་༦༠ རིང་མར་ཁེ་སིའི་ལྟ་གྲུབ་ལས་ལེ་ཉེན་དང་སི་ཏྰ་ལེན་གྱི་ཆབ་སྲིད་ཀྱི་ལྟ་གྲུབ་དྲག་པོའི་སྟོབས་ཤུགས་ལ་མིག་དཔེ་བལྟས་ནས་སློབ་གསོ་སྤྲད་ཡོད་། མ་ཟད་ལོ་རབས་༩༠ ནས་བཟུང་། རྒྱ་ནག་གཞུང་གི་ལས་བྱེད་ཀྱི་གོ་གནས་ཤེས་ཡོན་ཡོད་མེད་ལ་མ་བལྟས་བར། དངུལ་གྱིས་ཉོ་མགོ་བརྩམས་ཏེ་རུལ་སུངས་ཅན་གྱི་སྲིད་གཞུང་ཞིག་ཏུ་གྱུར་ཡོད་པ། དེང་སང་སྦས་སྐོང་བྱེད་མ་ཐུབ་པར་མངོན་སུམ་དུ་མི་དམངས་ཀྱི་མིག་མདུན་དུ་སླེབས་ཡོད།

མི་ཡི་བསམ་བློའི་ཀུན་སྤྱོད་ཡག་སྡུག་གང་གི་ལམ་ཁར་འགྲོ་མིན་ནི། དང་པོ་ནས་སློབ་གསོའི་ཁ་ཕྱོགས་ལ་རེག་ལས་ཡོད། དཔེར་ན། བྱིས་པའི་བསམ་བློ་ནི་དཀར་གཙང་གི་ཤོག་བུ་ཞིག་དང་འདྲ་པས། ཁྱེད་ཀྱིས་དེའི་སྟེང་དུ་རི་མོ་ཡག་སྡུག་གང་ཞིག་འབྲི་མིན་ལ་རེག་ལས་ཡོད། གལ་ཏེ་ཁྱོད་ཀྱིས་གདུག་རྩུབ་ཅན་གྱི་རི་མོ་ཞིག་བྲིས་ཚེ། ཁྱེད་ཀྱི་མདུན་དུ་ཉན་བཞིན་པའི་སེམས་གཙང་ཞིང་དཀར་བོའི་སློབ་བུ་དེ་ཡང་ལམ་ལོག་ཞིག་ཏུ་འགྲོ་ངེས་ཡིན། གལ་སྲིད་ཁྱེད་ཀྱིས་སློབ་བུ་དེ་ལ་ཡ་རབ་བཟང་སྤྱོད་ཀྱི་སློབ་གསོ་སྤྲད་ཚེ། ཁོ་རང་འཚར་ལོངས་བྱུང་རྗེས། ཁོས་ཀྱང་མི་གཞན་གྱི་བདེ་སྡུག་ལ་སེམས་ཁུར་བྱེད་མཁན་ཞིག་ཏུ་འགྱུར་ངེས་ཡིན།

ཡིན་ན་ཡང་ཐབས་སྐྱོ་བ་ཞིག་ལ། གུང་ཁྲན་ཏང་གིས་ལོ་ངོ་༦༠རིང་གཡུལ་ས་ལ་འགྲོ་བའི་དམག་མི་ཞིག་ལ་སློབ་གསོ་སྤྲོད་པ་བཞིན། གདུག་རྩུབ་ཅན་གྱི་དྲག་པོའི་སྟོབས་ཤུགས་ཀྱིས་མི་དམངས་ཀྱི་ལུས་པོ་དབང་བསྒྱུར་བྱེད་སྟངས་བསླབས་པས། དེང་སང་རྒྱ་ནག་གི་མགོ་སྲིད་གཞུང་གི་དབང་འཛིན་པ་ཚོ་ནས་བཟུང་། མི་དམངས་དཀྱུས་མ་བར་གདུག་རྩུབ་ཅན་གྱི་ལམ་ཁ་ནས་གཡོལ་མ་ཐུབ་པར་ལུས་ཡོད།

དཔེར་ན་༢༠༠༨ ལོར། བོད་ཆོལ་གསུམ་ནས་ཞི་རྒོལ་ཆེན་མོ་བྱུང་སྐབས། བདེ་འཇགས་ལྷན་ཁང་གི་འཕྲལ་སེལ་ལས་བྱེད་༼ལས་བྱེད་གླས་མ༽ཚོར། མི་སུ་ཞིག་གཅར་རྡུང་གི་ལས་འགུལ་ནང་དངས་བླངས་བྱས་ཚེ། དེ་གཏན་འཇགས་ལས་བྱེད་ནང་འཇུག་གི་ཡིན་ཟེར་བའི་བརྡ་ཁྱབ་བྱས་པ་བཞིན་རེད།

དེའི་རྐྱེན་རྒྱ་ནག་མི་དམངས་ཀྱི་ལུས་པོ་མཚོན་ཆའི་དབང་བསྒྱུར་འོག་ཡོད་ན་ཡང་། མི་ཡི་སེམས་པ་དབང་བསྒྱུར་བྱེད་ཐུབ་མེད་པས། དེང་སང་རྒྱ་ནག་ལ་དཀའ་ངལ་འཕྲད་ས་གཙོ་བོ་འདི་ནས་འཕྲད་ཡོད་པ་ཤེས་ཡོན་པ་ཚོས་ཡང་ནས་བསྐྱར་དུ་གླེང་བཞིན་ཡོད་ལ། མ་ཟད། དེ་རིང་གི་སྲིད་འཛིན་ཞིན་ཅིན་ཕེན་གྱིས་ཀྱང་། སྲིད་འཛིན་ལ་སླེབས་རྗེས་ཡོ་རུབ་ལ་ཕེབས་པའི་སྐབས་ཞིག་ལ། ཧྥ་རན་སི་ནས་འཛམ་གླིང་གི་གསར་འགོད་པ་ཚོའི་མདུན་གསལ་བོར། རྒྱ་ནག་མི་དམངས་ཀྱི་ཀུན་སྤྱོད་ཀྱི་དཀའ་ངལ་འདི། ནང་པའི་ཆོས་ཀྱི་བག་ཆགས་ཅུང་ཟད་ཡོད་པ་འདིས་སེལ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད། གཏམ་བཤད་འདིའི་ཤུགས་སུ་གོ་ཐུབ་པ་ཞིག་ནི། རྒྱ་ནག་གུང་ཁྲན་ཏང་གི་སློབ་གསོའི་ཁ་ཕྱོགས་ནོར་ཡོད་པ་ཤེས་ཐུབ།

གཉིས་པ་ནི། གུང་ཁྲན་ཏང་གི་དབང་འཛིན་པ་ཚོའི་ནང་། ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བ་ཕྱོགས་གཉིས་སུ་མཆེད་ཡོད།  དཔེར་ན། སྲིད་བློན་ཟུར་བ་ཝིན་ཅ་པའོ་ལྟ་བུའི་ཕྱོགས་ཁག་དང་། སྲིད་འཛིན་ཟུར་བ་ཅང་ཙེ་མེན་གྱི་ཕྱོགས་ཁག་བཅས་གཉིས་ཡོད། དེ་རིང་གི་སྲིད་འཛིན་ཞིན་ཅིན་ཕེན་ལྟ་བུའི་གུང་ཁྲན་ཏང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་འདོད་ཀྱང་། འགྱུར་བ་གཏོང་སྟངས་ཀྱི་ཐབས་ལམ་ཡག་པོ་ཞིག་རྙེད་ཀྱི་མེད་པས། སྐབས་རེ་དྲག་པོའི་སྟོབས་ཤུགས་ཀྱིས་མི་དམངས་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་ལ། སྐབས་རེ་མི་དམངས་ཀྱི་བདེ་སྡུག་དང་རང་དབང་ལ་གུ་ཡངས་དགོས་བའི་གཏམ་བཤད་གནང་སྟེ། མི་དམངས་ཀྱི་བསམ་བློའི་ཁ་ཕྱོགས་ཀུན་སྤྱོད་བཟང་པོ་ཞིག་གི་ལམ་ཁར་ཁྲིད་གང་ཐུབ་བྱེད་ཀྱི་ཡོད། དཔེར་ན། ལོ་འདིའི་ཕྱི་ཟླ་༤ ནང་རྒྱ་ནག་གི་ཆོས་ལུགས་ཀྱི་ཚོགས་འདུ་ཚོགས་པའི་སྐབས་སུ། ཞིས་ཀྱིས་ཆོས་ལུགས་ལ་ཚན་རིག་གི་ལམ་ནས་འགྲེལ་བཤད་བྱས་ཏེ། སྤྱི་ཚོགས་ལྷིང་འཇགས་ཡོང་བའི་སྣེ་ཁྲིད་ཐུབ་པར་འབད་དགོས་ཟེར། དེང་སང་ཚན་རིག་གི་ལམ་ནས་འགྲེལ་བཤད་བྱེད་ཐུབ་པའི་ཆོས་ལུགས་ཞིག་ཡོད་པ་ནི། ནང་པའི་ཆོས་ཁོ་ན་རེད་ཟེར་ནས་ལབ་ན་མི་འགྲིག་པ་མི་འདུག་སྙམ་པས། རྒྱ་ནག་མི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་ལ་འགྱུར་བ་གཏོང་དགོས་ན། ནང་པའི་ཆོས་ཀྱི་བག་ཆགས་སམ་གོ་རྟོགས་སྤེལ་ཐུབ་དགོས་པ་དེ་རེད།

རྒྱ་ནག་གི་སྲིད་འཛིན་ཞིས་ཀྱི་གཏམ་བཤད་རས་གཞི་དམར་བོའི་ཡོལ་བའི་རྒྱབ་ལོགས་སུ། ཁ་བའི་གཡོགས་པའི་ནང་པའི་ཆོས་ཀྱི་རྐང་ལམ་ཕྲ་མོ་ཞིག་ཡོད་པ་མངོན་ཐུབ་ཀྱི་འདུག་སྙམ། རྒྱུ་མཚན་ནི། ཁོས་ལེ་ཉིན་དང་སི་ཏྰ་ལེན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་མ་གླེང་བར། མར་ཁེ་སིའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལམ་ནས་ཆོས་ལུགས་ལ་བརྩི་མཐོང་མཐོ་རུ་གཏོང་དགོས་ཚུལ་གླེང་འདུག་པ་དེ། སྲིད་འཛིན་ཞིའི་ཁོ་རང་ལ་མར་ཁེ་སིའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་དང་ཆོས་ལུགས་བར་མཐུན་པའི་ལྟ་གྲུབ་གང་ཞིག་ཡོད་མེད་ལ་ཆ་རྒྱུས་ཡོད་མེད་བཤད་དཀའ་ན་ཡང་། སྐད་ཆ་འདིའི་འབྱུང་ཁུངས་ནི། ནམ་རྒྱུན་༧གོང་ས༧མཆོག་གིས་ང་རང་མར་ཁེ་སིའི་སྤྱི་ཚོགས་རིང་ལུགས་ལ་དགའ་བོ་ཡོད་གསུངས་བཞིན་ཡོད་པས། གསུངས་བཤད་འདི་ལ་དོ་སྣང་བྱས་ཏེ་ཡོངས་གྲགས་གཏམ་བཤད་བྱས་པ་ཞིག་མིན་ནམ་སྙམ།

གང་ལྟར་ཡང་འཆི་ལ་ཉེ་བའི་གུང་ཁྲན་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ལ། སྨན་བཅོས་ཅི་ལྟར་བྱས་ཀྱང་གསོ་ཐབས་མེད་པ་ཆབ་སྲིད་དབང་འཛིན་པ་ཚོ་དང་། ཤེས་ཡོན་པ་ཚང་མས་སེམས་ཀྱིས་གསལ་བོར་ཤེས་པ་ནི། དུས་ཚོད་ཀྱི་སྔ་རྗེས་མ་གཏོགས་འཆི་རྒྱུ་ཡིན་པ་དེ་རེད། ཡིན་ཡང་གོང་དུ་ཞུས་པ་ལྟར་ཅི་ལྟར་འཆི་མིན་གྱི་གོ་རིམ་ལ་ཐུག་ཡོད། སྲིད་འཛིན་ཞིའི་ཁོ་རང་ལ་ཡང་གུང་ཁྲན་ཏང་གི་ཆབ་སྲིད་ལམ་ལུགས་མགོ་རྟིང་སློག་འདོད་ཀྱང་། ཁོ་ལ་དེའི་སྙིང་སྟོབས་མེད། རྒྱུ་མཚན་ནི། ཁོ་རང་གི་མཉམ་དུ་ཡོད་པའི་ལས་རོགས་ཚོར་ཡིད་ཆེས་མེད་པས་ཡིན། ཁོ་དང་ཁོའི་ལས་རོགས་ཚང་མ་དཔུང་རྟགས་དམར་བོ་རྒྱབ་སྟེ། རང་གི་ཕ་མེས་ཡང་མེས་ཀྱི་དུར་ཁྲོད་ས་འོག་ནས་སྔོགས་ཏེ། རུས་པ་ལ་འཐབ་རྩོད་བྱས་ནས་འོང་བའི། རིག་གནས་གསར་བརྗེ་ཡི་སློབ་གསོའི་འོག་ནས་འཚར་ལོངས་བྱུང་བའི་མི་རབས་རྐྱང་ཡིན།

གལ་ཏེ་སྲིད་འཛིན་ཞིས་ཀྱི་སྐབས་གུང་ཁྲན་ཏང་གི་ཆབ་སྲིད་ལམ་ལུགས་མགོ་རྟིང་སློག་ཚེ། ༼སེ་རེ་ཡ༽བཞིན་ནང་འཁྲུགས་ཆེན་པོ་ཞིག་ཡོང་སྲིད་པ་མ་ཟད། ཅང་གི་ཕྱོགས་ཁག་ནས་མཚོན་ཆས་དྲག་གནོན་བྱས་ཏེ། ༦/༤ དོན་རྐྱེན་ལྟ་བུ་ཞིག་ཡང་བསྐྱར་འབྱུང་ངེས་ཡིན། དཔེར་ན། དེང་སང་རྒྱ་ནག་གི་རྒྱལ་ནང་རང་དུ་སྲང་ལམ་གྱི་བདེ་འཇགས་སྲུང་མཁན་ཚོས། སྲང་ལམ་ནས་དོན་རྐྱེན་ཅུང་་ཟད་བྱུང་ཚེ་ཡང་། མེ་མདའ་རྒྱག་རྐྱང་བྱས་ཏེ་དྲག་མནོན་བྱེད་ཀྱི་ཡོད། འདིའི་གང་མཚོན་གྱི་ཡོད་པ་རེད་ཟེར་ན། རྒྱ་ནག་གི་ལས་བྱེད་མཐོ་རིམ་ནས་བཟུང་དམའ་རིམ་བར་ཤེས་ཚད་སྐྱོ་བོ་དང་། སློབ་གསོའི་ཁ་ཕྱོགས་ནོར་ཡོད་པ་གསལ་བོར་སྟོན་གྱི་ཡོད་པ་རེད།

མཇུག་སྡོམ་ལྟ་བུའི་བཤད་འདོད་པ་ཞིག་ནི། རྒྱ་ནག་གི་སློབ་གསོའི་ཁ་ཕྱོགས་ལ་འགྱུར་བ་བཏང་སྟེ། གཞན་གྱི་བདེ་སྡུག་ལ་སེམས་ཁུར་བྱེད་པའི་མི་རབས་ཞིག་བསྐྱངས་དགོས་པ་དེ་རེད། དེ་ནས་རིམ་གྱིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་བྱེད་ཐུབ་པའི་རྐང་ལམ་ཕྲ་མོ་ཞིག་རྙེད་ཐུབ།