རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བ་དང་བསྟུན་ནས་འཛམ་གླིང་ས་ཕྱོགས་གང་སར་ནས་རྒྱ་གཞུང་ལ་ངོ་རྒོལ།
ཟླ་འདིའི་ཚེས་༡ ཉིན་ཁེ་ན་ཌའི་ཨོན་ཊེ་རིའོ་(Ontario) བོད་རིགས་ཚོགས་པའི་ངོ་དེབ་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡ ཉིན་གྱི་སྔ་དྲོར་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་དང་སྟབས་བསྟུན། ཁེ་ན་ཌའི་ཨོན་ཊེ་རོའོ་བོད་རིགས་ཚོགས་པ་དང་། ཁེ་ན་ཌ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག ཨོན་ཊེ་རོའོ་ས་གནས་བུད་མེད་ཚོགས་པ། ཊོ་རོན་ཊོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ཊོ་རོན་ཊོ་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་རྒྱ་གཞུང་གིས་བོད་གཙོས་པའི་སོག་པོ་དང་ཧོང་ཀོང་། ཐེ་ཝན་དང་ཡུ་གུར་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་གཉའ་གནོན་བཏང་དང་གཏོང་བཞིན་པ་སོགས་ལ་ངོ་རྒོལ་དང་། ཕྱི་ལོ་༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་བ་ཚོ་ལ་དྲག་གནོན་གྱིས་བོད་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བར་དྲན་གསོ་དང་གདུང་སེམས་མཉམ་བསྐྱེད། རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་སོགས་དགོས་འདུན་དོན་ཚན་གསུམ་གྱི་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག

དེ་བཞིན་ཟླ་འདིའི་ཚེས་༢ ནས་ཚེས་༩ བར་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་གི་རུ་ཁག་གི་གོ་སྒྲིག་འོག་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་བ་(Ottawa ) ་ནས་ཊོ་རོན་ཊོ་(Toronto) ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཀྱི་མདུན་བར་སྤྱི་ལེ་450 Kms རིང་ལ་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ཐེངས་བཞི་པ་སྤེལ་རྒྱུ་རེད་འདུག
ཐེངས་འདིའི་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་གི་ལས་འགུལ་སྤེལ་ནས་བོད་རྒྱ་ཞི་མོལ་བསྐྱར་གསོ་བྱེད་པར་རྒྱབ་སྐྱོར་བྱ་དགོས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་པ། ༧གོང་ས་མཆོག་བོད་དུ་ཕེབས་ཆོག་པའི་ཆོག་མཆན་སྤྲད་དགོས་པ་བཅས་ཁེ་ན་ཌ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁག་ལ་འབོད་སྐུལ་ཞུ་རྒྱུ་རེད་འདུག

གཞན་ཡང་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་དང་སྟབས་བསྟུན་ནས་ཧོང་ཀོང་དང་ཡུ་གུར་བ། རྒྱ་ནག་དམངས་གཙོ་དོན་གཉེར་བ་དང་བོད་མི་ཁ་ཤས་སོགས་མཉམ་དུ་འཛོམས་ནས་ཨ་རིའི་ཕོ་བྲང་དཀར་པོའི་མདུན་དུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག་པ་མ་ཟད། ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིའི་རྒྱལ་ས་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་བོད་མི་དང་ཧོང་ཀོང་བ་སོགས་ཀྱིས་ཀྱང་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེན་ཞིག་སྤེལ་ཡོད་འདུག
དེ་བཞིན་ཕྱི་ཟླ་༡༠ ཚེས་༡ རེས་གཟའ་ཉི་མའི་སྔ་དྲོར་རྡ་སའི་མེག་ལོར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་ནས།“དེ་རིང་དགྲ་བོ་རྒྱ་དམར་སྲིད་གཞུང་དངོས་སུ་འགོ་བཙུགས་ཏེ་ལོ་ངོ་ཧྲིལ་པོ་༧༤ འཁོར་བའི་རྒྱལ་སྤྱིའི་ལས་འགུལ་ཉིན་མོར། དགྲ་བོ་རྒྱ་དམར་གྱི་བཙན་གནོན་ལ་འགོག་རྒོལ་བྱེད་མཁན་འཐབ་རྩོད་པ་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱལ་སྤྱིའི་ལས་འགུལ་ནང་མཉམ་ཞུགས་ཀྱིས་དགྲ་བོ་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཉིན་མོ་”ཞེས་པ་སྲུང་བརྩི་ཞུས་སོང་།།
གསར་འགོད་པ། བློ་བཟང་རྒྱ་མཚོ།