རྒྱ་ནག་གི་ཤུགས་རྐྱེན་ལ་བརྟེན་ནས་ནོ་རུ་ཞེས་པའི་རྒྱལ་ཁབ་དེས་གློ་བུར་དུ་ཐའེ་ཝན་དང་འབྲེལ་བ་བཅད་འདུག
ཟླ་འདིའི་ཚེས་༡༥ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས། ཞི་བདེ་རྒྱ་མཚོའི་ལྷོ་ཕྱོགས་སུ་ཡོད་པའི་ནོ་རུ་རྒྱལ་ཁབ་ཀྱིས་ཐའེ་ཝན་དང་ཕྱི་འབྲེལ་གྱི་འབྲེལ་ལམ་བཅད་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༣ ཉིན་རྒྱ་ནག་ལ་ཁ་གཏད་གཅོག་མཁན་ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས། ཚེས་༡༥ ཉིན་ཞི་བདེ་རྒྱ་མཚོའི་ལྷོ་ཕྱོགས་སུ་ཡོད་པའི་ནོ་རུ་(Nauru) ་རྒྱལ་ཁབ་ཀྱི་སྲིད་འཛིན་གྱིས་ད་ནས་ཐའེ་ཝན་ནི་ཁ་འབྲལ་དུ་མེད་པའི་རྒྱ་ནག་གི་མངའ་ཁོངས་ཀྱི་ས་ཆ་ཞིག་ལ་ངོས་འཛིན་བྱ་རྒྱུ་ལས་ཐའེ་ཝན་ནི་རང་བཙན་གི་རྒྱལ་ཁབ་ཅིག་ཡིན་པ་ཁས་ལེན་བྱ་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ་ཡོད་འདུག
ནོ་རུ་སྲིད་གཞུང་གིས་ཐའེ་ཝན་དང་འབྲེལ་ལམ་བཅད་ནས་རྒྱ་ནག་དང་འབྲེལ་ལམ་བཙུགས་པ་དེ་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ཡག་ཤོས་དང་མཐུན་ཡོད་པར་བརྗོད་འདུག་པ་དང་། སྤྱིར་ནོ་རུའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཡོད་འདུག
ཕྱི་ལོ་༢༠༠༢ ལོ་ནོ་རུ་རྒྱལ་ཁབ་ཀྱིས་ཐའེ་ཝན་དང་འབྲེལ་ཐག་བཅད་ནས་རྒྱ་ནག་དང་ཕྱི་འབྲེལ་བཙུགས་ཡོད་ཀྱང་། ཕྱི་ལོ་༢༠༠༥ ཟླ་༥ པའི་ནང་ཐའེ་ཝན་དང་འབྲེལ་བ་བསྐྱར་དུ་བཙུགས་ཡོད་འདུག ནོ་རུ་རྒྱལ་ཁབ་ལ་མི་འབོར་༡༢༥༠༠ ཙམ་ཡོད་འདུག ནོ་རུ་སྲིད་གཞུང་གིས་ཐའེ་ཝན་དང་འབྲེལ་ལམ་བཅད་པ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག་པ་དང་། ཐའེ་ཝན་ལ་རྒྱབ་འགལ་བྱེད་མཁན་གྱི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཐོག་མ་དེ་ཡང་གྱུར་ཡོད་འདུག
རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཐའེ་ཝན་སྲིད་གཞུང་གིས་རྒྱ་ནག་གིས་ནོ་རུ་ཞེས་པའི་རྒྱལ་ཁབ་ལ་མ་དངུལ་ཕོན་ཆེན་མཁོ་འདོན་བྱས་པར་སྐྱོན་བརྗོད་བྱས་འདུག རེས་གཟའ་ཟླ་བའི་ཉིན་སྐྱོན་བརྗོད་དེ་དང་འབྲེལ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་དྲི་བ་བཏང་ཡང་། ཁོས་ནོ་རུ་སྲིད་གཞུང་གིས་ཡང་དག་པའི་གདམ་ག་བྱས་ཡོད་པ་ཙམ་ལས་དྲི་བ་ལ་ལན་འདེབས་བྱས་མེད་པ་རེད་འདུག
ཐའེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་(Tien Chung Kwang) ་ཡིས་རྒྱ་ནག་གི་བྱ་སྤྱོད་དེ་ནི་ཐའེ་ཝན་གྱི་དམངས་གཙོའི་གྲུབ་འབྲས་འགོག་ཆེད་རེད་ཅེས་དང་། ནོ་རུ་སྲིད་གཞུང་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་ཡོད་པ་རེད། དེའི་རྗེས་སུ་ནོ་རུ་སྲིད་གཞུང་གིས་ཐའེ་ཝན་དང་འབྲེལ་ལམ་བཅད་པ་ནི་གློ་བུར་དུ་བྱུང་སོང་ཞེས་བརྗོད་ཡོད་པ་མ་ཟད། ནོ་རུ་ལ་ཡོད་པའི་ཐའེ་ཝན་གྱི་གཞུང་ཚབ་ཁང་སྒོ་བརྒྱབ་པ་དང། ཐའེ་ཝན་དུ་ཡོད་པའི་ནོ་རུའི་གཞུང་ཚབ་ཁང་ཡང་སྒོ་རྒྱག་དགོས་ཞེས་བརྗོད་ནས་རྒྱལ་ཁབ་ཀྱི་ཆེ་མཐོང་སྲུང་སྐྱོབ་བྱས་པ་ཡིན་ཞེས་བརྗོད་ཡོད་འདུག
ཐའེ་ཝན་ནི་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་མཁན་རྒྱལ་ཁབ་བཅུ་གཉིས་ཡོད་པའི་ནང་ནས་གཅིག་ཉུང་དུ་ཕྱིན་ཡོད་པ་དང་། ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་གཞུང་འཛིན་འོག་འདས་པའི་ལོ་ངོ་བརྒྱད་ཀྱི་རིང་། རྒྱལ་ཁབ་བཅུ་ཡིས་ཐའེ་ཝན་དང་ཕྱི་འབྲེལ་བཅད་ནས་རྒྱ་ནག་དང་འབྲེལ་ལམ་བཙུགས་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས་བརྗོད་གསལ་ལྟར་ན། རྒྱ་ནག་གིས་དཔལ་འབྱོར་གྱི་སྟོབས་ཤུགས་བེད་སྤྱོད་བྱས་ནས་ཐའེ་ཝན་གྱི་གནའ་གྲོགས་རྒྱལ་ཁབ་དག་ལ་གནོན་ཤུགས་སྤྲད་དེ་ཐའེ་ཝན་ཁེར་རྐྱང་དུ་འབུད་ཐབས་བྱེད་བཞིན་ཡོད་པ་དང་། མ་འོངས་པར་ཡང་རྒྱ་ནག་གིས་གོ་སྐབས་བཙལ་ནས་ཐའེ་ཝན་གྱི་གནའ་གྲོགས་རྒྱལ་ཁབ་ཉུང་དུ་གཏོང་སྲིད་རབས་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།