རྒྱ་ནག་གི་སྙན་ངག་པ་ཞིག་དམར་ཤོག་ཚོགས་པའི་ལྟ་སྲུང་མ་བཟོད་པར་རང་ཤི་བརྒྱབ་ཡོད་འདུག

རང་ཤི་བརྒྱབ་པའི་རྒྱའི་སྙན་ངག་པའི་ཁ་ཆེམས་ཡི་གེའི་ནང་། “ཞི་ཅིན་ཕིང་གིས་དབང་ཆ་བཟུང་བ་ནས་བཟུང་། མི་མང་གི་སྨྲ་བརྗོད་རང་དབང་ཆུང་ནས་ཆུང་དུ་གྱུར་སོང་”ཞེས་བྲིས་ཡོད་འདུག 

ལོ་ན་༦༢ ལ་སོན་པའི་རྒྱའི་སྙན་ངག་པ་ལི་ཧོའུ་ཧྲི་(Li Huizhi) ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་ཉིན་མཚན་ལྟོས་མེད་ཀྱི་ལྟ་སྲུང་ནན་པོའི་དཀའ་སྡུག་མ་བཟོད་པར་རང་སྲོག་བཅད་ཡོད་འདུག 

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་དབྱིན་ཡིག་སྡེ་ཚན་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཞི་ཅིན་ཕིང་གི་སྲིད་བྱུས་ལ་མངོན་སུམ་འཛེམས་མེད་ཀྱིས་དགག་པ་དང་སྐྱོན་བརྗོད་བྱེད་མཁན་གྱི་སྙན་ངག་པ་ཁོང་གིས་ཕྱི་ཟླ་༧ ཚེས་ ༢༣ ཉིན་འབུ་སྨན་(pesticide) ཟོས་རྗེས། སྨན་ཁང་དུ་ཁྱེར་ཡང་སྐྱོབ་མ་ཐུབ་པར་མ་ཐུབ་པར་སྐུ་གྲོངས་ཡོད་འདུག 

ཁོང་གི་གྲོགས་པོ་ལི་ཤའུ་ཝན་(Li Xuewen) གྱིས་དེ་གའི་གསར་ཁང་ལ་སྙན་ངག་པ་ཁོང་གིས་རང་སྲོག་རང་གིས་མ་བཅད་པའི་གོང་དུ་ཁ་ཆེམས་ཡི་གེ་ཞིག་བྲིས་ནས་དྲ་ཐོག་ཏུ་བཞག་པའི་སྐོར་བརྗོད་པའི་ཐོག “ཁོང་གིས་ཁ་ཆེམས་ཡི་གེ་དེ་དྲ་ཐོག་ཏུ་བཞག་རྗེས། ཁ་པར་གྱི་གློག་སྒོ་བརྒྱབ་སོང་”ཞེས་འགྲེལ་བརྗོད་བྱས་འདུག 

ཁོང་གི་ཁ་ཆེམས་ཡི་གེ་དེའི་ནང་། སྙན་ངག་པ་ཁོང་གིས་ཞི་ཅིན་ཕིང་གི་དབང་སྒྱུར་འོག་ཏུ་ལྟ་སྲུང་དང་ཞིབ་བཤེར་ཤུགས་ཆེ་རུ་འགྱུར་བཞིན་པ་དེ་བཟོད་ཐབས་བྲལ་བ་ཞིག་ཏུ་ཚོར་བའི་སྐོར་བརྗོད་ཡོད་འདུག་སྟེ། ཁོང་གིས་“ཞི་ཅིན་ཕིང་གིས་དབང་ཆ་བཟུང་བ་ནས་བཟུང་། མི་མང་གི་སྨྲ་བརྗོད་རང་དབང་ཆུང་ནས་ཆུང་དུ་གྱུར་སོང་”ཞེས་བྲིས་ཡོད་འདུག

ཕྱི་ལོ་༢༠༡༩ ལོར་རྒྱལ་ས་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་ཐོག སྙན་ངག་པ་ཁོང་ལྟ་སྲུང་ནན་པོ་བྱེད་སའི་དོགས་ཡོད་མི་སྣ་ཞིག་ཡིན་པའི་ཐག་གཅོད་བྱས་ཡོད་འདུག་ཅིང་། དུས་དེ་ནས་བཟུང་རྒྱ་ནག་གི་ཉེན་རྟོག་པས་ཁོང་གི་ཁ་པར་ལ་ཉིན་མཚན་དུས་དྲུག་ཏུ་ཞིབ་བཤེར་ལྟ་སྲུང་བྱེད་བཞིན་པ་མ་ཟད། ཁོང་གྲོང་ཁྱེར་གྱི་ཕྱི་ལ་འགྲོ་འདོད་དུས། ཉེན་རྟོག་པར་ཡར་ཞུ་བྱེད་དགོས་ཀྱི་ཡོད་འདུག 

སྙན་ངག་པ་ཁོང་གིས་བཞག་པའི་ཁ་ཆེམས་ནང་དུ། ཁོང་གིས་སྲིད་གཞུང་ལ་ལྟ་སྲུང་མཚམས་འཇོག་དགོས་པའི་འབོད་སྐུལ་དང་ཞུ་ཡིག་ཐེངས་མང་ཕུལ་ཡང་ཕན་ཐོགས་ཅི་ཡང་མ་བྱུང་བས། ཁོང་འུ་ཐུག་ཐབས་ཟད་དུ་གྱུར་ནས་མཐའ་མའི་ཐག་གཅོད་དེ་བྱེད་དགོས་ཐུག་ཡོད་འདུག

ཕྱི་ལོ་༢༠༡༢ ཀྱི་ལོ་སྨད་དུ་ཞི་ཅིན་ཕིང་གིས་དབང་ཆ་ཐོག་མར་འཛིན་པའི་སྐབས་སུ། ཆབ་སྲིད་དཔྱད་བརྗོད་པ་མང་པོ་ཞིག་གིས་ཞི་ཅིན་ཕིང་གིས་རྒྱ་ནག་གུ་ཡངས་དང་རང་དབང་གི་ལམ་དུ་འཁྲིད་པའི་ཚོད་དཔག་དང་རེ་བ་བྱས་ཡོད་རུང་། དོན་དངོས་ནི་དེ་ལས་ཡོངས་སུ་ལྡོག་སྟེ་ཞི་ཅིན་ཕིང་གི་རྒྱ་ནག་ཉིན་རེ་བཞིན་དམ་དྲག་ཇེ་ཆེ་དང་རང་དབང་ཇེ་ཆུང་དུ་གཏོང་བཞིན་ཡོད་པ་རེད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།