རྒྱ་ནག་གི་སྲིད་འཛིན་གསར་པའི་འོས་བསྡུ་ག་དུས་བྱེད་རྒྱུ་ཡིན་མིན་འདྲི་རོགས་ཞེས་བརྗོད་འདུག
ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཟླ་བ་རྗེས་མའི་ནང་རྒྱ་ནག་ལ་ལྟ་སྐོར་དུ་འགྲོ་འཆར་ཡོད་འདུག་པ་དང་། ལྟ་སྐོར་དེའི་རིང་ཐའེ་ཝན་དང་རྒྱ་ནག་གཉིས་བར་གྱི་འགལ་ཟླ་རྣམས་ཞི་འཇམ་ཡོང་རྒྱུའི་རེ་བ་ཡོད་སྐོར་ཕྱོགས་འགལ་སྲིད་དོན་ཚོགས་པས་བརྗོད་འདུག འོན་ཀྱང་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པས་(DPP) ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་རྒྱ་ནག་ལ་འགྲོ་དུས་ཞིས་ཅིན་ཕིང་ལ། ཐའེ་ཝན་ནི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་དང་། ང་ཚོའི་སྲིད་འཛིན་ནི་མི་མང་གིས་འོས་བསྡུའི་ལམ་ནས་འདེམས་ཀྱི་ཡོད་པས། རྒྱ་ནག་གིས་སྲིད་འཛིན་གསར་པའི་འོས་བསྡུ་ག་དུས་བྱེད་རྒྱུ་ཡིན་མིན་འདྲི་རོགས་ཞེས་ལན་བསྐུར་འདུག

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༣༡ ཉིན་(Reuters)གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཁ་སང་ཚེས་༣༠ ཉིན་ཐའེ་ཝན་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པ་གོ་མིན་ཏང་གི་འགོ་ཁྲིད་ཁྲེང་ལིས་ཝུན་(Cheng Li-wun) ཟླ་བ་རྗེས་མའི་ཚེས་༧ ནས་༡༢ བར་ཉིན་གྲངས་ལྔ་རིང་རྒྱ་ནག་ནང་ལྟ་སྐོར་འགྲོ་འཆར་ཡོད་འདུག་པ་དང་། གནད་ཡོད་མི་སྣ་མང་པོ་ཞིག་དང་ཐུག་འཕྲད་བྱེད་འཆར་ཡོད་པ་བརྗོད་འདུག གོ་མིན་ཏང་གི་འགོ་ཁྲིད་བུད་མེད་དེ་ནི་ན་ནིང་ཕྱི་ཟླ་༡༠ ནང་ཚོགས་པའི་འགོ་ཁྲིད་དུ་འདེམས་ཐོན་བྱུང་བ་ཞིག་ཡིན་འདུག་ཅིང་། ཁོ་མོའི་རྒྱ་ནག་ལྟ་སྐོར་གྱི་འཆར་གཞི་དེ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་མགྲོན་འབོད་བྱས་ཡོད་པ་བརྗོད་འདུག ཁོ་མོའི་གོང་གི་གོ་མིན་ཏང་གི་འགོ་ཁྲིད་ཨེ་རིག་ཀྲུའུ་(Eric Chu)ཞེས་པ་དེ་ཕྱི་ལོ་༢༠༢༡ ལོར་ཚོགས་པའི་འགོ་ཁྲིད་དུ་བསྐོས་ཡོད་ཀྱང་། དུས་ཡུན་དེའི་རིང་རྒྱ་ནག་ལ་ལྟ་སྐོར་དུ་ཕྱིན་མི་འདུག
གོ་མིན་ཏང་གི་འགོ་ཁྲིད་བུད་མེད་དེས་རྒྱ་ནག་གིས་མོ་རང་ལ་མགྲོན་འབོད་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་རྒྱ་ནག་དང་ཐའེ་ཝན་བར་གྱི་མི་མཐུན་པའི་གནད་དོན་རྣམས་ཞི་འཇམ་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ལ། འདི་ནི་ཕྱོགས་གཉིས་བར་མཐུན་ལམ་དང་ཡིད་ཆེས་སྐྲུན་ཐབས་ཀྱི་གོམ་པ་དང་པོ་དེ་ཆགས་རྒྱུ་རེད་ཅེས་དང་། ང་ཚོའི་ངོས་ནས་ཕྱོགས་གཉིས་ཀྱི་འགལ་ཟླའི་རྐྱེན་གྱིས་འཇིགས་སྣང་མི་ཡོང་བ་དང་། བདེ་འཇགས་ཡོང་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
དེར་ལན་འདེབས་ཀྱི་ཚུལ་དུ་ཐའེ་ཝན་གྱི་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་དྲུང་ཆེན་ཞུས་གོ་ཡུང་ (Hsu Kuo-yung) གིས་ངས་རེ་བ་ལ་མོ་རང་རྒྱ་ནག་ལ་འགྲོ་དུས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ། ཐའེ་ཝན་ནི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་རེད་ཅེས་དང་། ཐའེ་ཝན་ནང་ང་ཚོའི་སྲིད་འཛིན་ནི་འོས་བསྡུའི་ལམ་ནས་འདེམས་ཀྱི་ཡོད་པས། རྒྱ་ནག་གི་སྲིད་འཛིན་གསར་པའི་འོས་བསྡུ་ག་དུས་བྱེད་རྒྱུ་ཡིན་མིན་འདྲི་རོགས་ཞེས་བརྗོད་འདུག
བུད་མེད་དེ་རྒྱ་ནག་ལ་ལྟ་སྐོར་དུ་འགྲོ་རྒྱུའི་གསལ་བསྒྲགས་དེ་ནི། ད་ལྟ་ཐའེ་ཝན་གཞུང་གིས་བདེ་སྲུང་ཆེད་ཨ་སྒོར་ཐེར་འབུམ་༤༠ གཏོང་རྒྱུའི་གྲོས་འཆར་ཞིག་ལ་ཕྱོགས་འགལ་སྲིད་དོན་ཚོགས་པ་གོ་མིན་ཏང་ནས་རྒྱབ་སྐྱོར་འཚོལ་བཞིན་པའི་སྐབས་དང་བསྟུན་ནས་བྱུང་བ་ཞིག་ཡིན་འདུག ཕྱོགས་འགལ་ཚོགས་པའི་ངོས་ནས་གཞུང་གི་བདེ་སྲུང་འགྲོ་གྲོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཡང་། ཨ་སྒོར་ཐེར་འབུམ་༤༠ དེ་ཇི་ལྟར་གཏོང་འཆར་ཡོད་མེད་ཐད་ཞིབ་ཕྲའི་གནས་ཚུལ་དགོས་པ་ལས། དངུལ་འཛིན་སྟོང་པ་(Blank Cheques) ཞིག་ལ་མཚན་རྟགས་འགོད་འདོད་མེད་ཅེས་བརྗོད་འདུག
བདེ་སྲུང་ཆེད་ཨ་སྒོར་ཐེར་འབུམ་༤༠ གཏོང་རྒྱུའི་འཆར་གཞི་དེར་ཨ་རིའི་གཞུང་གིས་ཀྱང་ཐའེ་ཝན་གྲོས་ཚོགས་ནས་བཀའ་འཁྲོལ་སྤྲོད་དགོས་པའི་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་འདུག རྒྱུ་མཚན་ནི་ཕྱི་ཟླ་༥ པའི་ནང་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ལྷན་འཛོམས་བྱེད་འཆར་ཡོད་པས། སྐབས་དེ་དུས་ཨ་རིའི་ཐའེ་ཝན་ལ་འཛིན་པའི་འབྲེལ་ལམ་ལ་འགྱུར་བ་འགྲོ་སྲིད་པའི་ཉེན་ཁ་མཐོང་གི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
