རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་ཤི་འདུག
ཟླ་འདིའི་ཚེས་ ༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རང་ལོ་ ༩༦ ལ་སོན་པའི་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་ཕྲ་ཕུང་དཀར་པོའི་ནད་ཀྱིས་མནར་བ་དང་། ལུས་ཀྱི་དབང་པོ་ཉམས་ཏེ་དེ་རིང་ཉིན་རྒྱབ་ཏུ་ཧྲང་ཧེ་གྲོང་ཁྱེར་སྨན་ཁང་དུ་མྱུར་སྐྱོབས་བྱས་ཀྱང་ཕན་འབྲས་མ་བྱུང་བར་འདས་གྲོངས་སུ་ཕྱིན་འདུག
རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་ནི་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གནམ་སྡེ་སྒོ་མོ་ཆེ་རུ་སློབ་ཕྲུག་དམར་གསོད་ཀྱི་དྲུག་བཞིའི་དོན་རྐྱེན་བྱུང་བའི་རྗེས་རྒྱ་ནག་གི་སྲིད་འཛིན་ཆགས་ཡོད་ལ། ཁོ་པས་རྒྱ་ནག་དམར་ཤོག་གི་སྲིད་དབང་ལོ་བཅུའི་རིང་བཟུང་བའི་སྐབས་དབང་ཆ་སྲ་བརྟན་དང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཐོག་ཤུགས་གནོན་བརྒྱབ་ཡོད་པ་ལས་རྒྱལ་ནང་གི་ཆབ་སྲིད་བཅོས་བསྒྱུར་གང་ཡང་བཏང་མེད་པ་དང་། ཁོང་གིས་ཐེ་ཝན་ཐོག་ལ་ལངས་ཕྱོགས་དྲག་པོ་བཟུང་བ་དང་ཆབས་ཅིག་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་བསམ་འཆར་མི་འདྲ་བ་རྣམས་ལ་དྲག་གནོན་བྱས་ཡོད།
ཕྱི་ལོ་ ༡༩༩༩ ལོར་རྒྱ་ནག་ནང་དུ་ཧྥ་ལུང་ཀུང་ངམ་ཆོས་འཁོར་རྩ་རླུང་ (Falun Gong) ཆོས་ལུགས་གྲུབ་མཐའི་རྗེས་འབྲང་བ་མང་དུ་སོང་བར་བརྟེན་ནས་། རྒྱ་ནག་གུང་ཁྲན་ཏང་དམར་ཤོག་སྲིད་གཞུང་ལ་འཇིགས་སྐུལ་བྱས་པ་ལ་དོགས་ཏེ། ཧྥ་ལུང་ཀུང་རྗེས་འབྲང་བ་རྣམས་ལ་དྲག་གནོན་དང་། བཙོན་འཇུག དམར་གསོད་བཏང་ནས་དེ་དག་གི་དབང་པོ་འགོག་ལེན་བྱས་ཏེ། རྒྱལ་སྤྱིའི་ནག་ཚོང་ཁྲོམ་རའི་ཐོག་ཚོང་གཉེར་བྱས་པར་བརྟེན་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། ཆོས་ལུགས་ལྷན་ཚོགས། དེ་བཞིན་ཚོགས་སྡེ་དང་རྒྱལ་ཁབ་མང་པོས་སྐྱོན་བརྗོད་བྱས་ཡོད་པ་རེད།
ཅང་ཙེ་མིན་རྒྱ་ནག་གུང་ཁྲན་ཏང་དམར་ཤོག་ཚོགས་པའི་སྲིད་སྟེགས་ཐོག་སླེབས་པའི་རྗེས་རྒྱ་ནག་གི་ཤུལ་འཛིན་དཔོན་རིགས་སྔར་བྱུང་མ་མྱོང་བའི་རུལ་སུངས་དང་། སྤྱི་ཚོགས་ནང་དབུལ་ཕྱུག་གི་ཧེ་བག་ཆེ་བ། གྲངས་ཉུང་མི་རིགས་ལ་དྲག་གནོན། དེ་བཞིན་རྒྱ་ནག་དམངས་ཁྲོད་ལ་ཁོ་པའི་ཆབ་སྲིད་ཀྱི་བསམ་བློ་ “མཚོན་བྱེད་གསུམ” ལ་ཟུར་ཟ་བྱེད་པའི་ཁ་རྒྱུན་སྙན་ཚིག་ཡོད་པ་སྟེ། “མའོ་ཙེ་ཏུང་ནི་བཟོ་ཞིང་སྤྲང་གསུམ་མཚོན། ཏིང་ཞའོ་ཕིང་ནི་ས་བདག་ཕྱུག་པོ་དང་ངོ་ལོག་མི་ངན་མཚོན། ཅང་ཙེ་མིན་ནི་ལྐོག་ཟ་རུལ་སུངས་མཚོན ”ཞེས་བརྗོད་སྲོལ་ཡོད་འདུག །
གསར་འགོད་པ། བསྟན་འཛིན་ཆོས་གྲགས།
