རྒྱ་ནག་གིས་ཁེ་ན་ཌའི་ཚོང་པ་ཞིག་ལ་ལོ་ངོ་༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཁེ་ན་ཌ་དང་རྒྱ་ནག་གི་བར་གྱི་ཆབ་སྲིད་འབྲེལ་ལམ་ཡག་པོ་མེད་བཞིན་པའི་སྐབས་སུ། རྒྱ་ནག་གིས་ཁེ་ན་ཌའི་ཚོང་པ་ཞིག་ལ་གསང་མྱུལ་གྱི་ཉེས་མིང་འོག་ལོ་ན་༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པ་དང་། ཁྲིམས་ཐག་འདི་དང་གཞན་རྣམས་ནི་ཁེ་ན་ཌར་ཉེན་བརྡ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་འདུག

ཟླ་༨ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ཁེ་ན་ཌའི་ཚོང་པ་(Michael Spavor) དེས་གསང་མྱུལ་དང་ཁྲིམས་འགལ་ཐོག་ནས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྤྲོད་བྱས་པའི་ནག་ཉེས་བསགས་ཡོད་པ་ར་སྤྲོད་བྱུང་བས། ལོ་ན་༡༡ གི་བཙོན་འཇུག རྒྱ་སྒོར་ཁྲི་ལྔ་ཡི་རིན་གོང་ལྡན་པའི་སྒེར་གྱི་མཁར་དངོས་གཞུང་བཞེས་གཏོང་རྒྱུ། དེ་བཞིན་ཕྱིར་འབུད་བྱེད་རྒྱུ་ཡིན་པའི་ཁྲིམས་ཐག་བཅད་འདུག ཁྲིམས་ཁང་གིས་ཚོང་པ་དེ་ག་དུས་ཕྱིར་འབུད་གཏོང་རྒྱུ་ཡིན་མིན་བརྗོད་མི་འདུག་ཀྱང་། རྒྱུན་དུ་ནས་རྒྱ་ནག་གིས་ཕྱི་མི་ཞིག་གི་བཙོན་འཇུག་དུས་ཡུན་ཚང་རྗེས་ཕྱིར་འབུད་གཏོང་གི་ཡོད་པ་རེད།
ཕྱི་ལོ་༢༠༡༨ ལོར་ཁེ་ན་ཌས་ཨ་རིའི་རེ་སྐུལ་ལྟར། རྒྱ་ནག་གི་ཚོང་ལས་ཁང་ཆེ་གྲས་ཧུ་ཝེ་ཡི་འགན་འཛིན་མཐོ་གྲས་ལྕམ་མེན་ཝན་ཀྲུའུ་(Meng Wanzhou) འཛིན་བཟུང་བཀག་ཉར་བྱས་རྗེས། རྒྱ་ནག་གིས་ཚོང་པ་སཱི་ཕ་ཝོལ་(Michael Spavor)དང་ཁེ་ན་ཌའི་གཞུང་ཚབ་ཟུར་པ་ཀོ་རིན་(Michael Kovrig) གཉིས་འཛིན་བཟུང་བྱས་ཡོད་པས། དཔྱད་བརྗོད་པ་ཚོས་དེ་ནི་མི་གཏེའི་ཕྱི་འབྲེལ་སྲིད་བྱུས་ཡིན་པར་ངོས་འཛིན་བྱེད་བཞིན་འདུག ལྕམ་མེན་ཝན་ཀྲུའུ་(Meng Wanzhou)ཨ་རིར་ཉེས་ཅན་རྩིས་སྤྲོད་ཀྱི་བརྒྱུད་རིམ་འོག་རྩིས་སྤྲོད་བྱེད་དགོས་མིན་ཐད། ཁེ་ན་ཌར་ཁྲིམས་གཏུག་འགྲོ་བཞིན་ཁར་ཟླ་༨ པའི་༢༠ ཉིན་ཁྲིམས་གཏུག་མཇུག་བསྒྲིལ་གྱི་ཡོད་འདུག་པས། དུས་ཚོད་འདི་འདྲ་ཞིག་ལ་རྒྱ་ནག་ནང་དུ་ཁེ་ན་ཌའི་ཚོང་པར་ཁྲིམས་ཐག་བཅད་པ་དེ་ཡང་ཉེན་བརྡ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་འདུག
ཕྱི་ལོ་༢༠༡༨ ལོར་རྒྱ་ནག་གིས་ཁེ་ན་ཌའི་མི་སེར་Robert Lloyd Schellenberg ཟེར་བ་ལ་བཟི་སྨན་ནག་ཚོང་བརྒྱབ་པའི་ནག་ཉེས་འོག་ལོ་༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག འོན་ཀྱང་ཉིན་ཤས་རྗེས་ཁེ་ན་ཌས་ལྕམ་མེན་ཝན་ཀྲུའུ་འཛིན་བཟུང་བཀག་ཉར་བྱས་སྐབས། རྒྱ་ནག་གིས་ལྕམ་ཁོང་གློད་གྲོལ་མ་བཏང་ཚེ་མཇུག་འབྲས་ཡག་པོ་འབྱུང་རྒྱུ་མིན་པའི་ཉེན་བརྡ་བཏང་ཡོད་འདུག རྗེས་སུ་Robert Lloyd Schellenberg ཡིས་བཙོན་འཇུག་ཁྲིམས་ཆད་དེར་བསྐྱར་དུ་ཞུ་གཏུག་བྱས་སྐབས་སུ། རྒྱ་ནག་ཁྲིམས་ཁང་གིས་ཁྲིམས་ཆད་ཡང་དུ་གཏོང་རྒྱུའི་ཚབ་ལ་སྲོག་ཐོག་གི་ཁྲིམས་ཆད་བཏང་ཡོད་པ་རེད། སྐབས་དེར་ཁྲིམས་དཔོན་གྱིས་ཉེས་ཅན་པས་རྒྱལ་སྤྱིའི་ནང་དུ་བཟི་སྨན་ནག་ཚོང་བརྒྱབ་ཡོད་པའི་དཔང་རྟགས་གསར་པ་ཚབས་ཆེན་ཐོབ་ཡོད་པས། དེ་སྔོན་གྱི་ཁྲིམས་ཆད་ཡང་དྲགས་ཡོད་སྐོར་བརྗོད་འདུག་ཀྱང་། ཁེ་ན་ཌའི་མི་སེར་དེའི་ཁྲིམས་རྩོད་པས་ཁྲིམས་ཞིབ་དེར་དཔང་རྟགས་གསར་པ་གང་ཡང་མིག་སྟོན་བྱས་མེད་སྐོར་བརྗོད་འདུག ཟླ་འདིའི་ཚེས་༡༠ ཉིན་ཁོང་གིས་སྲོག་ཐོག་ཁྲིམས་ཆད་དེར་བསྐྱར་དུ་ཞུ་གཏུག་བྱས་འདུག་ཀྱང་ཁྲིམས་ཁང་གིས་ཁྲིམས་ཆད་དེ་རང་སོར་བཞག་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
