རྒྱ་ནག་གིས་ཁེ་ན་ཌའི་སྐུ་ཚབ་བཙན་འབུད་བཏང་འདུག
ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་སྐུ་ཚབ་བཙན་འབུད་བཏང་བའི་ཡ་ལན་དུ་རྒྱ་ནག་གིས་ཧྲང་ཧེ་གྲོང་ཁྱེར་དུ་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་པ་བཙན་འབུད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་གཞུང་ཚབ་པ་ཊོ་ཝེ་(Zhao Wei) ཉིད་ཁེ་ན་ཌ་ནས་ཁ་བྲལ་དགོས་པའི་བཀའ་བཏང་ཡོད་འདུག་ལ། གནས་ཚུལ་དེ་ལ་ལན་འདེབས་ཀྱི་ཆེད་དུ་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་པ་སྐུ་ཞབས་ཇེ་ནི་བྷོ་(Jennifer Lynn Lalonde) བཙན་འབུད་བཏང་ཡོད་འདུག
གནས་ཚུལ་དེ་ལྟར་བྱུང་དགོས་དོན་ནི། ཕྱི་ལོ་༢༠༢༡ ལོ་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་(Michael Chong) ཡིས་རྒྱ་ནག་གཞུང་གིས་ཡུ་གུར་གྲངས་ཉུང་མི་རིགས་སྐྱོང་ལུགས་དེ་ནི་མི་རིགས་རྩ་མེད་ཀྱི་བྱེད་ཐབས་ཤིག་ལ་ངོས་འཛིན་བྱེད་དགོས་པའི་གྲོས་འཆར་ཞིག་བཏོན་པའི་རྗེས། རྒྱ་ནག་གཞུང་གིས་ཁོང་དང་ཧོང་ཀོང་དུ་ཡོད་པའི་ཁོང་གི་སྤུན་ཉེ་སོགས་ལ་འཇིགས་སྐུལ་བྱས་ཡོད་འདུག
ཁེ་ན་ཌའི་གྲོས་ཚོགས་ཀྱི་འཐུས་མི་ཁོང་དང་ཁོང་གི་སྤུན་ཉེ་ཚོའི་སྐོར་གནས་ཚུལ་མཁོ་སྒྲུབ་བྱེད་མཁན་གྱི་ཁོངས་སུ་ཁེ་ན་ཌ་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་(Zhao Wei) ཡོད་པ་ངོས་འཛིན་གྱིས་ཁེ་ན་ཌ་གཞུང་གིས་ཁོང་ཉིད་བཙན་འབུད་བཏང་ཡོད་འདུག
སྤྱིར་ཕྱི་ལོ་ ༢༠༡༨ ལོར་ཁེ་ན་ཌས་རྒྱ་ནག་གི་འཕྲུལ་རིགས་ཚན་རྩལ་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེ་(Huawei) ཡི་འཛིན་སྐྱོང་འགན་འཛིན་མོང་ཝན་ཊུབ་(Meng Wanzhou) འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གིས་ཁེ་ན་ཌའི་མི་གཉིས་གསང་མྱུལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག ཕྱི་ལོ་ ༢༠༢༢ ལོར་ཁེ་ན་ཌས་རྒྱ་ནག་ཏུ་འཚོགས་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྟེང་གཞུང་འབྲེལ་སྐུ་ཚབ་གཅིག་ཀྱང་བཏང་མེད་པ་སོགས་འདས་པའི་ལོ་ཁ་ཤས་ཀྱི་ནང་རྒྱལ་ཁབ་གཉིས་བར་འབྲེལ་བ་ཇེ་ཞན་དུ་འགྲོ་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།