རྒྱ་ནག་གིས་གཞུང་གི་ལས་བྱེད་ཟུར་པ་ཡུ་གུར་བ་གཉིས་ལ་སྲོག་ཐོག་ཁྲིམས་ཐག་བཅད་འདུག 

རྒྱལ་སྤྱིིའི་ནང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་དྲག་གནོན་དང་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་ཆེན་པོ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ལ་བརྟེན་ནས་རྒྱ་ནག་ནང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་བྱེད་དགོས་པའི་དགོས་འདུན་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་དེར། རྒྱ་ནག་གིས་གཞུང་གི་ལས་བྱེད་ཟུར་པ་ཡུ་གུར་བ་གཉིས་ལ་ཁ་བྲལ་བའི་ཉེས་མིང་འོག་སྲོག་ཐོག་ཁྲིམས་ཐག་བཅད་འདུག 

ཟླ་༤ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཡུ་གུར་ས་གནས་སྲིད་གཞུང་གི་དྲ་ཐོག་ཏུ་སྤེལ་བའི་བསྒྲགས་གཏམ་ཞིག་ནང་དུ། ཤིན་ཅང་ཁུལ་གྱི་ཁྲིམས་ཞིབ་ལས་ཁང་གི་འགན་འཛིན་ཟུར་པ་(Shirzat Bawudun) ལ་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བསགས་རྐྱེན། སྲོག་ཐོག་ཁྲིམས་ཐག་བཅད་ཡོད་པ་དང་། ལོ་གཉིས་རིང་སྲོག་ཐོག་ཕྱིར་འགྱངས་བྱེད་དགོས་པའི་ཁྲིམས་ཐག་ཀྱང་བཅད་ཡོད་འདུག དེ་ཡང་ཤིན་ཅང་གི་མཐོ་རིམ་མི་མང་ཁྲིམས་ཁང་གིས་(Shirzat Bawudun) ཤར་ཏུར་ཀི་སི་ཐན་ཨི་སེ་ལམ་ལས་འགུལ་ཚོགས་པ་དང་ངན་པ་ལག་འབྲེལ་བྱས་ནས། ཁ་བྲལ་གྱི་བྱེད་ལས་སྤེལ་ཡོད་པ། དེ་བཞིན་ལྐོག་རྔན་བླངས་ཡོད་སྐོར་བརྗོད་འདུག མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པའི་ཐོ་གཞུང་ནང་བཞག་ཡོད་འདུག་ཀྱང་། ལོ་སྔོན་མའི་ཟླ་༡༡ པའི་ནང་ཨ་རིས་ཚོགས་པ་དེ་མུ་མཐུད་གནས་ཡོད་པའི་ཁུངས་སྐྱེལ་དཔང་རྟགས་མེད་སྐོར་བརྗོད་ནས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པའི་ཐོ་གཞུང་ནས་ཕྱིར་འཐེན་བྱས་འདུག ཁྲིམས་ཁང་གིས་ད་དུང་ཁོང་གིས་ཕྱིའི་རྒྱལ་ཁབ་ཀྱི་ཚོགས་པ་ཁག་ལ་གནས་ཚུལ་མཁོ་སྤྲོད་བྱས་ཡོད་ཁར། རང་གི་བུ་མོའི་གཉེན་སྒྲིག་ལ་ཁྲིམས་འགལ་གྱི་ཆོས་ཕྱོགས་བྱེད་སྒོ་སྤེལ་ཡོད་སྐོར་བརྗོད་འདུག 

དེ་ཡང་རྒྱ་ནག་གཞུང་གིས་ངོ་ལྐོག་རྒྱབ་མདུན་ཅན་གྱི་གཞུང་གི་ལས་བྱེད་ལ་ཁ་གཏད་ཅེས་པའི་ལས་འགུལ་ནང་། ཡུ་གུར་མི་རིགས་ཡིན་པའི་ལས་བྱེད་མང་པོ་ཞིག་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་འོག་ཏུ་ཁ་བྲལ་རིང་ལུགས་ཀྱི་ཉེས་མིང་འོག་བཙོན་འཇུག་བྱེད་བཞིན་ཡོད་པ་རེད།

ཐེངས་འདིར་ཤིན་ཅང་ཤེས་ཡོན་ལས་ཁང་གི་འགན་འཛིན་ཟུར་པ་(Sattar Sawut) ལ་ཡང་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་སྲོག་ཐོག་ཁྲིམས་ཐག་བཅད་འདུག་པ་དང་། ཁོ་ལ་ཡང་ལོ་གཉིས་རིང་སྲོག་ཐོག་ཕྱིར་འགྱངས་བྱེད་དགོས་པའི་ཁྲིམས་ཐག་ཀྱང་བཅད་ཡོད་འདུག སྲོག་ཐོག་ཕྱིར་འགྱངས་བྱས་པའི་ལོ་གཉིས་རིང་གལ་ཏེ་དོ་བདག་དེས་གཞུང་གིས་ངོས་ལེན་ཡོད་པའི་ཀུན་སྤྱོད་བཟང་པོ་བྱས་ཚེ། ལོ་གཉིས་རྗེས་སུ་སྲོག་ཐོག་ཁྲིམས་ཆད་དེ་ཚེ་བཙོན་དུ་ཆགས་ཡང་གཏོང་གི་ཡོད་འདུག དེ་ཡང་ཁྲིམས་ཁང་གིས་(Sattar Sawut) སློབ་གྲྭའི་ཀློག་དེབ་ནང་དུ་ཡུ་གུར་སྐད་ཡིག་ཐོག་ནས་མི་རིགས་ཁ་བྲལ་དང་། དྲག་སྤྱོད། འཇིགས་སྐུལ་རིང་ལུགས་པ། ཆོས་ལུགས་ཀྱི་མཁྲེགས་འཛིན་རིང་ལུགས་སོགས་ནང་འཇུག་བྱས་ཡོད་པ་དང་། ཀློག་དེབ་དེ་དག་གིས་མི་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ནས། ཕྱི་ལོ་༢༠༠༩ ལོར་ཉུང་མཐར་མི་གྲངས་༢༠༠ ཡི་ཚེ་སྲོག་ཤོར་བའི་ཟིང་འཁྲུག་ནང་མཉམ་ཞུགས་བྱས་ཡོད་ཚུལ་དང་། མི་ཁག་ཅིག་ཁ་བྲལ་རིང་ལུགས་ཀྱི་ཚོགས་པའི་ཚོགས་མི་གཙོ་གྲས་ཆགས་ཡོད་པ། དེའི་ཐོག་ཏུ་ཁོས་ལྐོག་རྔན་བླངས་ཡོད་སྐོར་བརྗོད་འདུག 

རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་ཁ་ཤས་བཙན་དབང་ཐོག་ནས་བཀག་ཉར་དང་། ཆབ་སྲིད་ཀྱི་སློབ་གསོའི་ལས་འགུལ་དང་ངལ་རྩོལ་བྱེད་ཀྱི་ཡོད་པ་མ་ཟད། བཀག་ཉར་ཁང་ཁག་ཏུ་ཡུ་གུར་བུད་མེད་མང་པོར་འཆར་གཞི་ལྡན་པའི་ཐོག་ནས་བཙན་གཡེམ། ཕ་མ་དང་ཕྲུ་གུ་ཁ་བྲལ་བཏང་ནས་ཕྲུ་གུ་རྣམས་ཆབ་སྲིད་སློབ་གསོའི་གཏན་འཇགས་སློབ་གྲྭ་ཁག་ནང་བཅུག་པ་སོགས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྐྱོན་བརྗོད་དང་། དེ་འབྲེལ་གྱི་དཔལ་འབྱོར་ཉེས་ཆད་བཏང་ཡོད་ཀྱང་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱི་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།