རྒྱ་ནག་གིས་ཊོམ་སྲིད་གཞུང་སྐབས་ཀྱི་མཐོ་རིམ་ལས་བྱེད་མང་པོ་ཞིག་ལ་ཉེས་ཆད་བཏང་འདུག
ཨ་རིའི་སྲིད་འཛིན་གྱི་ལས་གནས་སུ་རྗོ་བྷའེ་ཌན་གྱིས་དམ་འབུལ་བྱས་ཟིན་རྗེས། རྒྱ་ནག་གཞུང་གིས་ཊོམ་སྲིད་གཞུང་སྐབས་ཀྱི་མཐོ་རིམ་ལས་བྱེད་མང་པོ་ཞིག་ལ་རྒྱ་ནག་ལ་ཕྱོགས་ལྷུང་དང་འཁོན་སེམས་བཅང་ཡོད་པའི་ཉེས་འཛུགས་ཀྱིས་རྒྱ་ནག་ཏུ་ཡོང་མི་ཆོག་པ་སོགས་ཀྱི་ཉེས་ཆད་བཏང་འདུག
ཟླ་༡ པོའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༠ ཉིན་རྗོ་བྷའེ་ཌན་གྱིས་ཨ་རིའི་སྲིད་འཛིན་ཐེངས་༤༦ པའི་ལས་ཁུར་དམ་འབུལ་བྱས་ཟིན་རྗེས་སུ། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ནས། ཊོམ་སྲིད་གཞུང་སྐབས་ཀྱི་མཐོ་རིམ་ལས་བྱེད་༢༨ མིང་འདོན་གྱིས་ཁོ་ཚོ་ནི་རྒྱ་ནག་ལ་འཁོན་སེམས་དང་ཕྱོགས་ལྷུང་གི་བསམ་བློ་འཛིན་མཁན་ཡིན་པ་མ་ཟད། ཁོ་ཚོས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་དང་རྒྱ་ནག་གི་ཁེ་ཕན་ལ་རྩིས་མེད། རྒྱ་ནག་མི་མང་གི་སེམས་ཁམས་ལ་ཕོག་ཐུག དེ་བཞིན་རྒྱ་ནག་དང་ཨ་རི་གཉིས་ཀྱི་འབྲེལ་ལམ་གནོད་སྐྱོན་ཆེན་པོ་བཏང་བའི་ལས་དོན་མང་པོ་འཆར་གཞི་བསྒྲིགས་པ་དང་། རྒྱབ་སྐྱོར་བྱས་པ། ལག་བསྟར་བྱས་ཡོད་པས། ཁོ་ཚོར་ཉེས་ཆད་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
དེ་ཡང་མིང་འདོན་བྱས་པའི་མཐོ་རིམ་ལས་བྱེད་ཟུར་པ་༢༨ དེ་དག་དང་ཁོ་ཚོའི་ནང་མི་རྣམས་རྒྱ་ནག་དང་ཧོང་ཀོང་། མཱ་ཁའོ་ལ་འགྲུལ་བཞུད་བྱེད་ཆོག་གི་མེད་པ་དང་། དེ་བཞིན་ཁོ་ཚོ་དང་འབྲེལ་བ་ཡོད་པའི་ཚོང་ལས་ཁང་དང་ལྟེ་གནས་ཁང་རྣམས་ཀྱིས་རྒྱ་ནག་ནང་དུ་ཚོང་ལས་གཉེར་ཆོག་གི་མེད་འདུག

ཉེས་ཆད་གཏོང་ཡུལ་ཁོངས་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་མེག་པཱོམ་པཱེ། ཚོང་འབྲེལ་ལམ་སྟོན་པ་ཟུར་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལམ་སྟོན་པ་ཟུར་པ་དང་ཁོང་གི་ལས་རོགས། འཕྲོད་བསྟེན་དྲུང་ཆེ་ཟུར་པ། མཉམ་འབྲེལ་རྒྱལ་ཁབ་ནང་གི་ཨ་རིའི་སྐུ་ཚབ་ཟུར་པ་སོགས་ཡོད་པ་རེད་འདུག ཚོང་འབྲེལ་ལམ་སྟོན་པ་ཟུར་པས་ཉེས་ཆད་དེ་ནི་མི་མང་ས་ཡ་མང་པོ་གསོད་མཁན་དབང་ཆ་གཅིག་སྡུད་པ་ནས་ཁོང་ལ་ཆེ་བསྟོད་གཟེངས་རྟགས་སྤྲད་པ་ཡིན་སྐོར་བརྗོད་འདུག
རྒྱ་ནག་གཞུང་གིས་རྗོ་བྷའེ་ཌན་གྱིས་སྲིད་འཛིན་དམ་འབུལ་མ་བྱས་པའི་སྔོན་དུ། སྲིད་འཛིན་གསར་པས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་གཏོང་བར་ཤུགས་སྣོན་རྒྱག་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག དེ་ཡང་རྒྱ་ནག་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་ཏུ། ཊོམ་སྲིད་གཞུང་གིས་གཞི་རྩ་ནས་ནོར་འཁྲུལ་མང་པོ་ཞིག་བཟོས་ནས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་པས། རྗོ་བྷའེ་ཌན་སྲིད་གཞུང་གིས་རྒྱ་ནག་ལ་རྒྱུ་མཚན་ལྡན་པ་དང་ཕྱོགས་ལྷུང་མེད་པའི་ཐོག་ནས་བལྟ་དགོས་པ་དང་། ཕྱོགས་གཉིས་བར་གུས་བརྩི་དང་འདྲ་མཉམ། ཁེ་ཕན་ལྡན་པའི་བསམ་བློ་ཐོག་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་བཟང་པོ་དང་བརྟན་པོ་གང་མགྱོགས་བཟོ་རྒྱུ་གལ་ཆེན་ཆགས་ཡོད་པ། དེ་བཞིན་སྲིད་གཞུང་གསར་པ་དེས་ཕྱི་འབྲེལ་སྲིད་བྱུས་ལག་བསྟར་སྐབས་སུ་རྒྱུ་མཚན་ལྡན་པ་དང་འགན་ཁུར་ཡོད་པའི་ལངས་ཕྱོགས་འཛིན་ཐུབ་ཚེ། རྒྱལ་སྤྱིའི་ཚོགས་སྡེ་ཚང་མས་དགའ་བསུ་བཞུ་རྒྱུ་ཡིན་སྐོར་བརྗོད་འདུག
ཊོམ་སྲིད་གཞུང་གི་སྐབས་སུ་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཚད་དམའ་རུ་སོང་ཡོད་པ་དང་། དེ་ཡང་ཨ་རིས་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་ཆེ་རུ་བཏང་རྐྱེན། རྒྱ་ནག་གིས་འཁོན་ལན་བསློགས་ཏེ་ཨ་རིའི་ཚོང་ཟོག་ལ་སྒོ་ཁྲལ་ཆེ་རུ་བཏང་བ་སོགས་བྱས་ཏེ་ད་ལྟ་བར་ཚོང་དམག་འགྲོ་བཞིན་ཡོད་པ་རེད། དེ་བཞིན་ཨ་རིས་རྒྱ་ནག་ལ་ཁ་གཏད་ཀྱིས་བོད་དང་ཡུ་གུར། ཧོང་ཀོང་དང་ཐའེ་ཝན་སོགས་ལ་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབས། ཐའེ་ཝན་ལ་མཚོན་ཆ་བཙོང་བ་དང་གནད་ཡོད་མི་སྣའི་སྐོར་བསྐྱོད་སོགས་ཀྱི་ལས་དོན་མང་པོ་ཞིག་སྤེལ་ནས། རྒྱ་ནག་གཞུང་ལ་ཁ་གཏད་ནན་པོ་བཅག་ཡོད་པ་རེད། རྗོ་བྷའེ་ཌན་གྱིས་ཀྱང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱེད་ལས་ལ་ཁ་གཏད་གཅག་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།