རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིངས་སུ་སྔར་འབྱུང་མྱོང་མེད་པའི་གནམ་གྲུ་མང་པོ་ཞིག་བཏང་བར་ཨ་རིས་སྐྱོན་བརྗོད་དྲག་པོ་བྱས་འདུག
རྒྱ་ནག་གིས་གཟའ་མཇུག་རིང་དེ་སྔོན་གཏན་ནས་བྱུང་མྱོང་མེད་པའི་གནམ་གྲུ་༩༣ ཐའེ་ཝན་གྱི་མཁའ་དབྱིངས་སུ་བཏང་ནས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱེད་རྒྱུའི་འཇིགས་སྐུལ་བྱས་རྗེས། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གི་བྱ་སྤྱོད་དེར་སྐྱོན་བརྗོད་དང་། བྱ་སྤྱོད་དེ་“རྩིས་ལོག་ཐེབས་པ་”ཞིག་ཡིན་པའི་ཉེན་བརྡབ་དང། དེ་བཞིན་ཨ་རིས་མུ་མཐུད་ཐའེ་ཝན་དང་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
རྒྱ་ནག་གིས་རྒྱལ་སྟོན་དུས་ཆེན་ཉིན་ཏེ་ཟླ་༡༠ པའི་ཚེས་༡ ཉིན་ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་༣༨ བཏང་བ་དང་། དེའི་ཕྱི་ཉིན་གནམ་གྲུ་༣༩ དང་། དེ་ནས་ཚེས་༣ ཉིན་སླར་ཡང་གནམ་གྲུ་༡༦ བཅས་ཁྱོན་སྡོམ་ཉིན་གསུམ་གྱི་ནང་དུ་གནམ་གྲུ་༩༣ བཏང་བ་མ་ཟད། ཐའེ་ཝན་གྱི་མཚོ་ངོགས་སུ་དམག་གྲུ་བཏང་ནས་གླིང་ཕྲན་རྒྱལ་ཁབ་ཆུང་ཆུང་དེ་བཙན་གྱིས་ལེན་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག
རྒྱ་ནག་གི་འཇིགས་སྐུལ་དེའི་ལན་དུ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ནིའུ་ཌ-ཕི་ར་སི་(Ned Price) གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཁོང་གིས་རྒྱ་ནག་གི་“འཁྲུག་རྐྱེན་སློང་བའི་”དམག་གི་བྱ་སྤྱོད་དེར་ཨ་རིར་སེམས་འཚབ་ཆེན་པོ་ལངས་ཡོད་སྐོར་བཤད་པའི་ཐོག། ཁོང་གིས་བྱ་སྤྱོད་དེས་“ས་ཁུལ་དེའི་ཞི་བདེ་དང་བརྟན་ལྷིང་གཏོར་སྐྱོན་གཏོང་བ་དང་། དེ་ནི་རྩིས་ལོག་ཐེབས་པ་ཞིག་ཡིན་པའི་”ཉེན་བརྡ་བཏང་ཡོད་འདུག
དེ་མིན་ད་དུང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཁོང་གིས། ཐའེ་ཝན་མཚོ་འགག་(Taiwan Strait) གི་ཞི་བདེ་བརྟན་ལྷིང་དང་ཨ་རིའི་ཁེ་ཕན་གཉིས་འབྲེལ་བ་དམ་ཟབ་ཡོད་པས། རྒྱ་ནག་གིས་“ཐའེ་ཝན་གྱི་ཐོག་ཏུ་དམག་དང་། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་གནོན་ཤུགས་སྤྲོད་མཚམས་འཇོག་དགོས་པའི་”དགོས་འདུན་བཏོན་པ་མ་ཟད།། ཨ་རིས་མུ་མཐུད་“མཐུན་གྲོགས་རྒྱལ་ཁབ་ཚོ་དང་མཉམ་དུ་ལངས་ནས་ཐུན་མོང་གི་འཕེལ་རྒྱས་དང་བདེ་འཇགས་གོང་མཐོར་དང་། མང་གཙོའི་ཐའེ་ཝན་དང་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་ཡིན་”ཞེས་ནན་བརྗོད་བྱས་ཡོད་འདུག
ད་ལྟ་རྒྱ་ནག་གིས་ནང་དུ་དྲག་གནོན་དང་དམ་དྲག་ཇེ་ཆེ་དང་། ཕྱི་རུ་ཧམ་བཤད་དང་བཙན་ཤེད་ཇེ་དྲག་ཏུ་བཏང་ནས་མི་འགྱངས་པར་ཐའེ་ཝན་བཙན་གྱིས་དབང་དུ་བསྡུ་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་ཀྱིན་ཡོད་ན་ཡང་། ཨ་རི་དང་ཉི་ཧོང་གིས་གཙོས་པའི་མང་གཙོའི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་ཐའེ་ཝན་ཕྱོགས་ཐམས་ཅད་ནས་གལ་གནད་དུ་མཐོང་ནས་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་རྗོད་བཞིན་ཡོད་པའི་ཁར། “རྒྱ་ནག་གཅིག་གི་སྲིད་བྱུས་”ལའང་གཟབ་ནན་གྱིས་བསྐྱར་ཞིབ་བྱེད་བཞིན་པའི་སྒང་ཡིན་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།