རྒྱ་ནག་གིས་ཐའེ་ཝན་གྱི་ཉེ་འགྲམ་དུ་དམག་སྦྱོང་བྱས་ནས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་འདུག
ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚཡེ་དབྱིང་ཝན་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཀེ་ཝན་མེག་ཀར་ཐཱི་གཉིས་ཐུག་འཕྲད་བྱས་རྗེས། རྒྱ་ནག་གིས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཆེད་དུ། ཐའེ་ཝན་ཉེ་འགྲམ་གྱི་མཚོའི་ནང་དུ་དམག་གྲུ་བཏང་ནས་དམག་སྦྱོང་བྱས་འདུག
ཟླ་༤ པའི་ཚེས་༥ ཉིན་ཨ་རིའི་མངའ་སྡེ་ཁཱེ་ལི་ཧྥོ་ནི་ཡར་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚཡེ་དབྱིང་ཝན་དང་གསར་དུ་འདེམས་ཐོན་བྱུང་བའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་དང་གྲོས་ཚོགས་འོག་མའི་ཚོགས་གཙོ་ཀེ་ཝན་མེག་ཀར་ཐཱི་གཉིས་ཐུག་འཕྲད་བྱས་ཡོད་པ་རེད། སྐབས་སྔོན་མའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པཱི་ལོ་སི་ཡིས་ཐའེ་ཝན་དུ་གཞུང་འབྲེལ་ཕྱོགས་ཕེབས་བྱས་སྐབས། རྒྱ་ནག་གིས་ཐའེ་ཝན་ལ་དྲག་པོའི་སྡིགས་བསྐུལ་བྱས་ཡོད་པ་རེད་པས། ཐེངས་འདིར་ཡང་མི་འདོད་པའི་རྣམ་འགྱུར་ལུས་ངག་གཉིས་ནས་བསྟན་ཡོད་པ་རེད་འདུག
ཕྱོགས་གཉིས་བར་ཐུག་འཕྲད་བྱས་རྗེས་གསར་འགོད་ལྷན་ཚོགས་ཐོག་ཏུ། གྲོས་ཚོགས་འོག་མའི་ཚོགས་གཙོ་ཁོང་གིས། ཐའེ་ཝན་དང་ཨ་རིའི་མི་མང་བར་གྱི་མཛའ་མཐུན་ནི་རང་དབང་ཅན་ལྡན་པའི་འཛམ་གླིང་གི་རྒྱལ་ཁབ་ཡོངས་ལ་གལ་ཆེན་ཆགས་ཀྱི་ཡོད་པ། མཛའ་མཐུན་དེ་ནི་དཔལ་འབྱོར་གྱི་རང་དབང་དང་ཞི་བདེ། མངའ་ཁུལ་གྱི་བརྟན་ལྷིངས་ལ་ཡང་གལ་ཆེན་ཆགས་ཀྱི་ཡོད་པ། ལྕམ་ཚཡེ་དབྱིང་ཝན་ནི་ཨ་རིའི་གྲོགས་པོ་བཟང་པོ་ཞིག་ཡིན་སྐོར་བརྗོད་འདུག སྐབས་དེར་ལྕམ་ཚཡེ་དབྱིང་ཝན་གྱིས་ཐེངས་འདིའི་ཐུག་འཕྲད་སྐབས་སུ་མཉམ་ཞུགས་བྱེད་མཁན་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་གཞན་རྣམས་ལ་ཐུགས་རྗེ་ཆེ་ཞུས་ནས། ཁོང་རྣམས་པའི་རྒྱབ་སྐྱོར་དེས་ཐའེ་ཝན་མི་མང་ལ། ཁོ་ཚོ་ཁེར་རྐྱང་མིན་པའི་བློ་སྤོབས་སྦྱིན་ཡོད་སྐོར་བརྗོད་འདུག

ཐུག་འཕྲད་དེ་དང་འབྲེལ་ནས་རྒྱ་ནག་གིས་ཐའེ་ཝན་གྱི་ཉེ་འགྲམ་དུ་ཡོད་པའི་མཚོའི་ནང་དུ་དམག་གྲུ་ཁག་ཅིག་བཏང་ནས་དམག་སྦྱོང་བྱས་ཡོད་འདུག་པ་དང་། ཐའེ་ཝན་གྱི་བདེ་སྲུང་བློན་ཆེན་གྱིས་གསར་འགོད་པ་ཚོར། ཐའེ་ཝན་དམག་མིས་རྒྱ་ནག་གི་དམག་གྲུའི་བྱེད་ལས་ལ་ལྟ་ཞིབ་བྱེད་བཞིན་ཡོད་སྐོར་བརྗོད་འདུག
རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཀྱིས། དམག་གྲུ་དེ་དག་གཏོང་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་གི་རང་བཙན་དང་བདག་དབང་སྲུང་སྐྱོབ་བྱེད་པར་གྲ་སྒྲིག་ཡོད་པའི་བརྡ་ལན་སྤྲོད་ཆེད་ཡིན་སྐོར་བརྗོད་འདུག
བྷི་བྷི་སི་དྲ་ལམ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། སྐུ་ཞབས་ཀེ་ཝན་མེག་ཀར་ཐཱི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཆགས་རྗེས། ཁོང་ལ་སྐབས་སྔོན་མའི་ཚོགས་གཙོ་ལྕམ་ནན་སི་པཱི་ལོ་སི་ལྟར་ཐའེ་ཝན་དུ་གཞུང་འབྲེལ་ཕྱོགས་ཕེབས་འགྲོ་རྒྱུའི་བསམ་བློ་ཡོད་སྐོར་འདུག་ཀྱང་། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚཡེ་དབྱིང་ཝན་གྱིས་ཕྱོགས་གཉིས་བར་གྱི་ཐུག་འཕྲད་དེ་ཨ་རིར་བྱུང་ན་ཡག་པོ་ཡོད་ཚུལ་བརྗོད་ནས་ཐུག་འཕྲད་དེ་བྱུང་བ་ཡིན་འདུག
ཐུག་འཕྲད་དེར་ཁ་གཏད་གཅོག་ཆེད་དུ་རྒྱ་ནག་གིས་ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་མཱ་དབྱིང་ཇོན་རྒྱ་ནག་ཏུ་སྐད་བཏང་འདུག་པ་དང་། ཁོང་གིས་ཀྱང་རྒྱ་ནག་ཏུ་སླེབས་རྗེས་ཐའེ་ཝན་གྱི་མཚོ་འགག་གི་ཕྱོགས་གཉིས་སུ་ཡོད་པའི་མི་མང་ཚང་མ་རྒྱ་རིགས་ཡིན་སྐོར་བརྗོད་འདུག སྐད་ཆ་དེ་ཕྱི་ལོ་༢༠༢༤ ལོའི་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུར་གོ་མིན་ཏང་སྲིད་དོན་ཚོགས་པར་ཕན་ཐོགས་ཀྱི་ཡོད་མེད་བཤད་དཀའ་བ་ཡིན་འདུག གང་ཡིན་ཟེར་ན་བསམ་ཚུལ་བསྡུ་ལེན་གྱི་གྲུབ་དོན་ཞིག་ལ་གཞིགས་ནས། ཐའེ་ཝན་གྱི་མི་མང་བརྒྱ་ཆ་༦༠ ལས་མང་བས། རང་ཉིད་ཐའེ་ཝན་མི་རིགས་ཡིན་པ་ལས་རྒྱ་རིགས་ཡིན་པ་ངོས་འཛིན་བྱེད་ཀྱི་མེད་འདུག འོན་ཀྱང་ཐའེ་ཝན་གྱི་མི་མང་བརྒྱ་ཆ་ལྔ་བཅུ་ལྷག་གིས་ད་ལྟའི་གནས་བབ་ལ་བརྟེན་ནས་རྒྱ་ནག་དང་དམག་ཤོར་རྒྱུའི་ངེས་པ་ཆེན་པོ་ངོས་འཛིན་བྱེད་བཞིན་འདུག་པས། གོ་མིན་ཏང་གིས་གལ་སྲིད་སྲིད་དོན་ཚོགས་པ་དེར་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་ཚེ། རྒྱ་ནག་དང་འབྲེལ་བ་བཟང་དུ་བཏང་ནས་ཞི་བདེ་བསྐྲུན་ཐུབ་རྒྱུ་ཡོད་པའི་བརྡ་ལན་སྤྲད་ཐུབ་ཚེ། འོས་བསྡུར་ཤུགས་རྐྱེན་སྤྲོད་ཐུབ་སྲིད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
