རྒྱ་ནག་གིས་ཐའེ་ཝན་ལ་དམག་འཁྲུག་གི་ཉེན་བརྡ་དྲག་པོ་བཏང་འདུག
ཨ་རིའི་སྲིད་གཞུང་གསར་པས་ཐའེ་ཝན་ལ་མུ་མཐུད་ནས་རང་སྲུང་ལས་དོན་ཐོག་རྒྱབ་སྐྱོར་བྱེད་རྒྱུའི་རྣམ་པ་བསྟན་ཡོད་པ་དང་སྦྲགས། རྒྱ་ནག་གཞུང་གིས་ཐའེ་ཝན་ལ་རང་བཙན་བརྩད་ཚེ་དམག་འཁྲུག་འབྱུང་རྒྱུ་ཡིན་པའི་ཉེན་བརྡ་དྲག་པོ་བཏང་འདུག
ཟླ་༡ པོའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བདུན་ཕྲག་སྔོན་མར་ཐའེ་ཝན་གྱི་མཁའ་དབྱིངས་སུ་རྒྱ་ནག་གི་དམག་གི་གནམ་གྲུ་ཁག་ཅིག་འཕུར་ནས་དམག་གི་བྱེད་ལས་ཤུགས་ཆེ་རུ་བཏང་ནས་ཐའེ་ཝན་གྱིས་སྐྱོན་བརྗོད་བྱས་ཡོད་པ་རེད་ལ། ཨ་རིས་ཀྱང་ཐའེ་ཝན་གྱི་རང་སྲུང་ནུས་པར་རྒྱབ་སྐྱོར་མུ་མཐུད་ནས་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་བསྒྲགས་འདུག
ཚེས་༢༨ ཉིན་རྒྱ་ནག་གི་བདེ་སྲུང་ལས་ཁང་གི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་ཏུ། བདུན་ཕྲག་སྔོན་མར་ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་བཏང་བའི་བྱེད་ལས་དེ་ནི། ཐའེ་ཝན་མཚོ་ འགག་གི་ད་ཡོད་བདེ་སྲུང་གནས་སྟངས་སེལ་ཆེད་དང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོབ་བྱེད་ཆེད་དུ་དགོས་ངེས་ཀྱི་བྱེད་ལས་ཤིག་ཡིན་པ་དང་། དེ་ནི་ཕྱི་ཕྱོགས་ནས་ཐེ་བྱུས་དང་ཐའེ་ཝན་གྱི་རང་བཙན་རུ་ཁག་གི་དམག་འཁྲུག་སློང་ལ་ཐའེ་ཝན་ནང་དུ་ལན་འདེབས་ཡིན་སྐོར་བརྗོད་འདུག དེ་རྗེས་ཁོང་གིས་ཐའེ་ཝན་དུ་རང་བཙན་རྩོད་མཁན་མི་ཁ་ཤས་ཅིག་ཡོད་པ་དང་། རྒྱ་ནག་གིས་ཁོ་ཚོར་ཉེན་བརྡ་གཏོང་འདོད་པ་ཞིག་ལ། མེ་ལ་རྩེད་མོ་རྩེ་མཁན་ཚོ་རང་ཉིད་མེས་འཚིག་རྒྱུ་ཡིན་པ་དང་། གལ་ཏེ་ཐའེ་ཝན་གྱིས་རང་བཙན་བརྩད་ཚེ་དམག་འཁྲུག་འབྱུང་རྒྱུ་རེད་ཅེས་བརྗོད་འདུག
ཨ་རིའི་བདེ་སྲུང་ལས་ཁང་གི་མགྲིན་ཚབ་པས་རྒྱ་ནག་གི་ཉེན་བརྡ་དང་འབྲེལ་ནས་བརྗོད་དོན་ལ། ཉེན་བརྡ་དེ་ནི་དགོས་པ་མེད་པ་ཞིག་ཡིན་པ་དང་། དེ་ནི་ཨ་རིས་ཐའེ་ཝན་དང་འབྲེལ་ལམ་གྱི་ཁྲིམས་འོག་ཏུ་སྒྲུབ་དགོས་པའི་ལས་འགན་གྱི་བསམ་བློ་དང་མཐུན་གྱི་མེད་པ་ངེས་གཏན་ཡིན་པ། དེ་བཞིན་ཐའེ་ཝན་གནད་དོན་ཐོག་ཕན་ཚུན་གདོང་ཐུག་ལྟ་བུ་བྱེད་པའི་དགོས་པ་གང་ཡང་མཐོང་གི་མེད་སྐོར་བརྗོད་འདུག
ད་བར་རྒྱ་ནག་གིས་ཐའེ་ཝན་ལ་ཉེན་བརྡ་བཏང་བ་ཚད་མེད་ཡིན་པ་རེད་དེ། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝན་གྱིས་ཐའེ་ཝན་གྱི་མང་གཙོ་དང་རང་དབང་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། མགོ་སྒུར་རྒྱུ་མིན་པ། དེ་བཞིན་ཕྱོགས་གཉིས་བར་ཕན་ཚུན་གུས་བརྩི་དང་མཛའ་འབྲེལ། བསམ་ཤེས་གཞི་ལ་བཞག་པའི་ཐོག་ཞི་བའི་ངང་མཉམ་གནས་གང་འདྲ་བྱེད་ཐུབ་པའི་ཐོག་གྲོས་སྡུར་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། རྒྱ་ནག་གིས་ཕྱོགས་གཉིས་བར་འདྲ་མཉམ་དང་ཆེ་མཐོང་ཡོད་པའི་ཐོག་ནས། འཁོན་འཛིན་ཞི་བར་བྱས་ནས་འབྲེལ་ལམ་ཡར་རྒྱས་གཏོང་འདོད་ཡོད་ཚེ། ཐའེ་ཝན་ངོས་ནས་ཕྱོགས་གཉིས་བར་དོན་ཕན་ལྡན་པའི་གྲོས་མོལ་ཐོག་ཤུགས་སྣོན་རྒྱག་འདོད་ཡོད་སྐོར་བརྗོད་མྱོང་ཡོད་པ་རེད།
ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་གྱི་སྲིད་གཞུང་སྐབས་སུ། ཐའེ་ཝན་ལ་མཚོན་ཆ་འཚོང་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ཨ་རིའི་མཐོ་རིམ་ལས་བྱེད་དང་སྐུ་ཚབ་ཚོགས་པ་ཁག་ཅིག་ཐའེ་ཝན་དུ་བཏང་བ་ལ་རྒྱ་ནག་ཁོང་ཁྲོ་ལངས་ཡོད་པ་རེད། དེ་བཞིན་ཨ་རི་དང་ཐའེ་ཝན་གཉིས་བར་འབྲེལ་ལམ་ཐོག་བཀག་འགོག་ཚང་མ་མེད་པ་བཟོས་ཡོད་པས། ཐའེ་ཝན་ནང་དུ་སྲིད་འཛིན་ཊོམ་ལ་དགའ་མོས་བྱེད་མཁན་མང་པོ་ཡོད་པ་རེད། འོན་ཀྱང་རྗོ་བྷའེ་ཌན་གྱི་སྲིད་གཞུང་གསར་པས་ཨ་རི་དང་ཐའེ་ཝན་གྱི་འབྲེལ་ལམ་ལ་སྲིད་བྱུས་གང་འདྲ་འཛིན་གྱི་ཡོད་མེད་ཐོག་སེམས་འཚབ་བྱེད་མཁན་མང་པོ་ཡོད་པ་རེད་དེ། གནད་དོན་དེ་དང་འབྲེལ་ནས་སྲིད་གཞུང་གསར་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་མགྲིན་ཚབ་པས། ཨ་རིས་ཐའེ་ཝན་དང་འབྲེལ་ལམ་ཐོག་ཆོད་སེམས་བརྟན་པོ་ཡོད་པ་དང་། སྲིད་འཛིན་བྷའེ་ཌན་གྱིས་ཐའེ་ཝན་ཚུད་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་མཐུན་ཕྱོགས་དང་གྲོགས་པོ་ཡིན་པའི་རྒྱལ་ཁབ་རྣམས་ཀྱི་རྒྱབ་ཏུ་ལངས་ནས། ཐུན་མོང་གི་ཡར་རྒྱས་གོང་འཕེལ་དང་བདེ་འཇགས། རིན་ཐང་གི་ལྟ་བ་བཅས་གོང་འཕེལ་བྱེད་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཁར། སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོར་ཐེངས་དང་པོར་གཞུང་འབྲེལ་ཐོག་ནས་ཨ་རིར་ཡོད་པའི་ཐའེ་ཝན་གྱི་གཞུང་ཚབ་མགྲོན་འབོད་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།