རྒྱ་ནག་གིས་དབྱིན་ཇི་ལ་ཧོང་ཀོང་བ་ཚོར་མི་སེར་ཐོབ་ཐང་སྤྲད་ན་ཡ་ལན་སློག་རྒྱུའི་ཉེན་བརྡ་བཏང་འདུག
དབྱིན་ཇིའི་སྲིད་བློན་བྷོ་ར་སི-ཇོན་སོན་(Boris Johnson) གྱིས་ཧོང་ཀོང་བ་ས་ཡ་གསུམ་ཙམ་ལ་དབྱིན་ཇིའི་རྒྱལ་ཁབ་ཏུ་ཡོང་ནས་སློབ་གཉེར་དང་། འཚོ་གནས་བྱེད་དུ་འཇུག་པ་མ་ཟད། མཇུག་མཐར་མི་སེར་དུ་འགྱུར་ཆོག་པའི་ལམ་བུ་གསར་པ་ཞིག་མཁོ་སྤྲོད་གནང་རྒྱུ་ཁས་ལེན་བྱས་རྗེས། རྒྱ་ནག་གིས་གལ་སྲིད་དབྱིན་ཇི་ཡིས་དེ་ལྟར་བྱས་ན་དེ་མཚུངས་ཀྱི་“ཡ་ལན་”སློག་གི་ཡིན་པའི་ཉེན་བརྡ་བཏང་འདུག
དབྱིན་ཇིའི་རྒྱལ་ས་ལོན་ཏྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རེས་གཟའ་ཕུར་བུའི་ཉིན་སོ་སོའི་དྲ་བའི་ཐོག་ཏུ་སྤེལ་བའི་རྩོམ་ཐུང་ནང་། “གལ་སྲིད་དབྱིན་ཇིའི་ཕྱོགས་ནས་འབྲེལ་ཡོད་ཀྱི་ལམ་ལུགས་དེ་ལ་འགྱུར་བ་བཏང་བ་ཡིན་ན། དེ་ནི་སོ་སོའི་ཁས་ལེན་དང་གནས་སྟངས་ལ་འགལ་བ་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་ལམ་གྱི་གཞི་རྩའི་ལུགས་སྲོལ་དང་འགལ་བ་ཞིག་ཡིན་”ཞེས་འཁོད་པའི་ཐོག “ང་ཚོས་འདི་ལ་མཐའ་གཅིག་ཏུ་དགག་པ་རྒྱག་གི་ཡོད་པ་དང་། ང་ཚོ་ལ་དེ་མཚམས་ཀྱི་ཡ་ལན་སློག་པའི་ཐོབ་ཐང་ཡོད་”ཅེས་བསྣན་འདུག
དབྱིན་ཇིའི་སྲིད་བློན་གྱིས་རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་སུ་གཏམ་བཤད་གནང་བའི་སྐབས། ཁོང་གིས་“[རྒྱ་ནག་གིས་]རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་བཞག་པ་དེ་ནི་དབྱིན་རྒྱའི་མཉམ་འབྲེལ་བསྒྲགས་གཏམ་དང་འགལ་བའི་གནད་དོན་ཚབས་ཆེན་ཞིག་ཡིན་པ་གསལ་པོ་རེད་”ཅེས་བརྗོད་པའི་ཁར། “དེས་ཧོང་ཀོང་གི་ཚད་མཐོའི་རང་སྲིད་རང་སྐྱོང་རྡོག་རོལ་གཏོང་བ་དང་། ཧོང་ཀོང་གི་གཞི་རྩའི་ཁྲིམས་དང་དངོས་སུ་འགལ་བ་མ་ཟད། [གསར་དུ་བཅས་པའི་]བཅའ་ཁྲིམས་དེས་མཉམ་འབྲེལ་བསྒྲགས་གཏམ་ནང་འཁོད་པའི་རང་དབང་དང་ཐོབ་ཐང་རྣམས་ལ་ཉེན་ཁ་བཟོ་ཡི་ཡོད་”ཅེས་བཤད་འདུག
དབྱིན་ཇིའི་གཞུང་ནས་ཀོང་ཧོང་མི་མང་ཚོར་དམིགས་པའི་སྲིད་བྱུས་གསར་པའི་དེའི་འོག ཧོང་ཀོང་བ་རྣམས་ཐོག་མར་དབྱིན་ཡུལ་དུ་ལོ་ལྔའི་རིང་སློབ་གཉེར་དང་ལས་ཀ་བྱས་ཏེ་སྡོད་ཆོག་པ་དང་། དེ་ནས་དབྱིན་ཇིའི་མི་སེར་གྱི་ཐོབ་ཐང་ལེན་པའི་སྙན་ཞུ་འབུལ་ཆོག་ཡོད་འདུག
ཕྱི་ལོ་༡༩༩༧ ལོར་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས། རྒྱ་ནག་གིས་ཧོང་ཀོང་ལ་ཕྱི་ལོ་༢༠༤༧ བར་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ལག་བསྟར་བྱེད་པའི་ཁས་བླངས་ཡོད་ན་ཡང་། བདུན་ཕྲག་འདིའི་ནང་ཧོང་ཀོང་མི་མང་དང་། དེ་བཞིན་ཨ་རི་དང་དབྱིན་ཇི་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་ངོ་རྒོལ་ལ་མ་བལྟོས་པར་“རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་”ཞེས་པ་དངོས་སུ་གཏན་ལ་ཕབ་པས། རྒྱལ་སྤྱིའི་གནད་དོན་དཔྱད་ཞིབ་པ་ཚོས་ཧོང་ཀོང་ནི་བོད་དང་ཤར་ཏུ་ཁི་སི་ཐན་ལྟར་རང་དབང་དང་ཐོབ་ཐང་མེད་པ་ས་ཁུལ་ཞིག་ཏུ་གྱུར་ཟིན་ཚུལ་རྗོད་ཀྱི་ཡོད་འདུག
དེ་བཞིན་ཁ་སང་རེས་གཟའ་ལྷག་པའི་ཉིན་ཧོང་ཀོང་མི་མང་གིས་ངོ་རྒོལ་བྱེད་སྐབས། རྒྱ་ནག་གིས་བཅའ་ཁྲིམས་གསར་པ་དེའི་མིང་ཐོག་ནས་ཧོང་ཀོང་བ་མི་མང་རྣམས་འཛིན་བཟུང་དང་བཙོན་འཇུག་བྱེད་འགོ་བརྩམས་ཟིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
