རྒྱ་ནག་གིས་དམག་དོན་སྔོན་རྩིས་བརྒྱ་ཆ་༧ ལས་མང་བ་སྤར་རྒྱུ་རེད་འདུག 

རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ནས་ཉེན་ཁ་ཆེ་རུ་འགྲོ་བཞིན་པའི་ཉེན་བརྡ་བཏང་ནས། དམག་དོན་སྔོན་རྩིས་བརྒྱ་ཆ་༧ ལས་མང་བ་སྤར་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག 

ཟླ་༣ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་འགྲོ་བཞིན་པ་དང་བསྟུན། སྲིད་བློན་གྱི་ལས་གནས་ནས་འཁྱུར་ལ་ཉེ་བའི་ལི་ཁེ་ཆང་གིས་ཚོགས་ཆེན་ཐོག་ཏུ། ཕྱི་ཕྱོགས་ནས་རྒྱ་ནག་རྩ་མེད་དང་འགོག་ཐབས་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པས། དམག་གི་སྒྲིག་འཛུགས་ཀྱིས་ཕྱོགས་ཡོངས་ནས་དམག་སྦྱོང་དང་གྲ་སྒྲིག་ཤུགས་ཆེ་རུ་གཏོང་དགོས་སྐོར་བརྗོད་འདུག སྐབས་དེར་ལོ་སྔོན་མའི་དམག་དོན་སྔོན་རྩིས་དང་བསྡུར་ན། ལོ་འདིའི་སྔོན་རྩིས་ལ་བརྒྱ་ཆ་༧ སྤར་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག 

རྒྱ་ནག་གི་དམག་དོན་སྔོན་རྩིས་དེ་ཨ་སྒོར་ཐེར་འབུམ་༢༢༥ ཙམ་ཡིན་འདུག་པ་དང་། ཨ་རི་དང་བསྡུར་ན་ཉུང་ཉུང་ཡིན་འདུག ཨ་རིའི་དམག་དོན་སྔོན་རྩིས་དེ་རྒྱ་ནག་ལས་ལྡབ་བཞི་མང་བ་ཡིན་འདུག་ཀྱང་། དཔྱད་བརྗོད་པ་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་དུས་ལྟར་དམག་དོན་ཆེད་དུ་དངོས་སུ་འགྲོ་སོང་ག་ཚོད་གཏོང་གི་ཡོད་པའི་གནས་ཚུལ་སྦས་གསང་བྱས་ཏེ། དངོས་སུ་བཏང་བའི་འགྲོ་སོང་ལས་ཉུང་བ་ཞིག་གསལ་བསྒྲགས་བྱེད་ཀྱི་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད་འདུག

དེ་བཞིན་ཚོགས་ཐོག་ཏུ་རྒྱ་ནག་གིས་ལོ་སྔོན་མ་དང་བསྡུར་ན། དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དེ་ཉུང་དུ་བཏང་ནས་བརྒྱ་ཆ་༥ དམིགས་རྒྱུ་ཡིན་འདུག 

རྒྱ་ནག་གིས་དམག་དོན་སྔོན་རྩིས་སྤར་བའི་གནས་ཚུལ་དེ་ནི། ཡུག་ཀེ་རན་གྱི་དམག་འཁྲུག་དང་འབྲེལ་ནས་ཨ་རི་དང་འབྲེལ་ལམ་སྡུག་ཏུ་དང་། ཨུ་རུ་སུ་དང་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་པའི་སྐབས་སུ་བྱུང་བ་ཞིག་ཡིན་འདུག 

ཐེངས་འདིའི་ཚོགས་ཆེན་སྐབས་སུ་རྒྱ་ནག་གི་སྲིད་བློན་གསར་པ་ཞིག་བསྐོ་གཞག་བྱེད་རྒྱུ་ཡིན་འདུག་པ་དང་། དཔྱད་བརྗོད་པ་ཚོས་བརྗོད་ན་ཞི་ཅིན་ཕིང་གིས་ཡིད་ཆེས་ཆེན་པོ་བྱེད་ཡུལ་ལི་ཆང་ལ་ལས་གནས་དེ་ཐོབ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།