རྒྱ་ནག་གིས་དྲག་པོའི་དམག་སྦྱོང་དང་ཐའེ་ཝན་དང་ཨེ་སི་རེལ་གྱི་འབྲེལ་ལམ་གསར་འཛུགས།

ཕྱི་ལོ་༢༠༢༥ ཟླ་བ་༡༢ ཚེས་༢༩ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། དེ་རིང་ཞོགས་པའི་ཆུ་ཚོད་༨ ཙམ་ནས་ཆུ་ཚོད་༡༠ བར་རྒྱ་ནག་གིས་གཞི་རྒྱ་ཆེ་བའི་དྲག་པོའི་དམག་སྦྱོང་ཞིག་ཐའེ་ཝན་གྱི་མཐའ་འཁོར་ས་ཚུགས་ལྔ་ལ་འགོ་བཙུགས་ཡོད་འདུག་ཅིང་། ཕྱི་ལོ་༢༠༢༢ ནས་ད་བར་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་ཉེ་འཁོར་དུ་དམག་སྦྱོང་ཐེངས་དྲུག་ཙམ་བྱས་ཡོད་འདུག།

པར། བྷི་བྷི་སི།

ད་ལན་བསྐྱར་དུ་ཐའེ་ཝན་གྱི་ཉེ་འཁོར་དུ་གཞི་རྒྱ་ཆེན་པོའི་དམག་སྦྱོང་ཞིག་འགོ་བཙུགས་ཡོད་པ་དེ་ནི་ཐའེ་ཝན་རང་བཙན་འདོད་མཁན་ཚོ་ལ་ཐད་ཀར་ཉེན་བརྡ་ཡིན་ཚུལ་བདུན་ཕྲག་སྔོན་མའི་གཟའ་མིག་དམར་ཉིན་རྒྱ་ནག་ཤར་ཕྱོགས་དམག་བྱུས་ཁང་ནས་གསལ་བསྒྲགས་ཤིག་བྱས་ཡོད་འདུག་ཅིང་། ཐེངས་འདིའི་དམག་སྦྱོང་ནི་ཐའེ་ཝན་གྱི་མཐའ་འཁོར་ས་ཚུགས་ལྔ་ལ་དྲག་པོའི་དམག་སྦྱོང་བྱེད་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག
ཕྱི་ལོ་༢༠༢༢ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་(Nancy Pelosi) ཐའེ་ཝན་ལ་ལྟ་སྐོར་ཡོང་རྗེས་རྒྱ་ནག་གིས་དྲག་པོའི་དམག་སྦྱོང་བྱས་ནས་ད་བར་ཐེངས་དྲུག་དམག་སྦྱོང་བྱས་ཡོད་འདུག དེ་བཞིན་ཉེ་ཆར་ཉི་ཧོང་གི་སྲིད་བློན་(Sanae Takaichi) ཡིས་གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དམག་བརྒྱབ་ཚེ་ཉི་ཧོང་གི་རྒྱལ་ཁབ་ནས་དམག་གིས་ཡ་ལན་སློག་སྲིད་པ་རེད་ཅེས་བརྗོད་པའི་རྐྱེན་གྱིས་རྒྱ་ནག་དང་ཉི་ཧོང་གཉིས་བར་རྣོ་ངར་ལྡན་པའི་འགལ་ཟླ་ཆེན་པོ་ཆགས་ཡོད། ཐེངས་འདིའི་དྲག་པོའི་དམག་སྦྱོང་དེ་ཨ་རིའི་གཞུང་གིས་ཐའེ་ཝན་ལ་ཨ་སྒོར་ཐེར་འབུམ་༡༡.༡ ཡི་གོ་མཚོན་བཙོངས་ནས་ཉིན་གྲངས་༡༡ རྗེས་སུ་འགོ་བཙུགས་བྱས་ཡོད་པ་ཞིག་ཆགས་ཀྱི་ཡོད་འདུག་ལ། གོ་མཚོན་ཚོང་འབྲེལ་དེ་ད་བར་ཨ་རི་ནས་ཐའེ་ཝན་ལ་གོ་མཚོན་མང་ཤོས་བཙོངས་པ་ཞིག་ཡིན་འདུག གོ་མཚོན་ཚོང་འབྲེལ་དེ་ལ་རྒྱ་ནག་ཕྱོགས་ནས་ངོ་རྒོལ་ཆེན་པོ་བྱེད་ཀྱི་ཡོད་འདུག་ལ། ཐའེ་ཝན་ལ་དྲག་པོའི་ཐོག་ནས་དབང་བསྒྱུར་རྒྱུའི་ཉེན་བརྡ་ཡང་སྔར་ལྟར་བཏང་ཡོད་འདུག
སྲིད་དོན་དཔྱད་བརྗོད་པ་ཚོས་ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོའི་བྱ་སྤྱོད་ལ་བརྟེན་ནས་རྒྱ་ནག་གིས་ད་ཆར་དམག་སྦྱོང་བྱེད་བཞིན་པ་དེ་ནམ་ཞིག་དམག་འཁྲུག་ཏུ་གྱུར་ནས་ཐའེ་ཝན་ལ་དམག་རྒྱག་སྲིད་པའི་ཉེན་བརྡ་གཏོང་མཁན་ཡང་ཡོད་འདུག རྒྱ་ནག་གཞུང་གིས་ཐེངས་འདིའི་དྲག་པོའི་དམག་སྦྱོང་ཁྲོད་དམག་གི་གནམ་གྲུ་དང་། མེ་སྒྱོགས། མེ་ཤུགས་འཕུར་མདའ་སོགས་ཀྱི་དེང་རབས་ཀྱི་གོ་མཚོན་སྣ་མང་ཞིག་སྦྱོང་བརྡར་བྱེད་རྒྱུ་ཡིན་པ་ཕྱིར་བསྒྲགས་བྱས་ཡོད་འདུག དྲག་པོའི་དམག་སྦྱོང་དེ་ཐའེ་ཝན་གྱི་ཕྱོགས་བཞི་ལ་ཡོད་པའི་ས་ཚུགས་ལྔ་ནང་བྱེད་རྒྱུ་ཡིན་འདུག
ཐའེ་ཝན་གཞུང་གིས་རྒྱ་ནག་གིས་ཐའེ་ཝན་ཉེ་འཁོར་དུ་དམག་སྦྱོང་བྱེད་པ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཡོད་པ་དང་། ས་ཁུལ་གྱི་ཞི་བདེ་དཀྲུག་གི་ཡོད་ཚུལ་བརྗོད་འདུག། ཐའེ་ཝན་གྱི་བདེ་སྲུང་ལྷན་ཁང་ནས་འདས་པའི་ཆུ་ཚོད་༢༤ རིང་རྒྱ་ནག་གི་དམག་གི་གནམ་གྲུ་གཅིག་དང་གྲུ་གཟིངས་༡༡ གིས་མཐའ་སྐོར་ཡོད་པར་བརྟེན། ཐའེ་ཝན་གྱི་དམག་སྡེ་ཚང་མས་དོ་སྣང་ཆེན་པོ་བྱས་ནས་ཐའེ་ཝན་གྱི་མང་གཙོ་དང་རང་དབང་སྲུང་སྐྱོབ་བྱེད་དགོས་ཞེས་བརྗོད་ཡོད་འདུག
ཉེ་ཆར་(Reuters) གསར་ཁང་གིས་གནས་ཚུལ་ཞིག་སྤེལ་ཡོད་པ་ལྟར་ན། ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་(Francois Wu) ཞེས་པ་ཁོང་མངོན་གསལ་མེད་པའི་ཐོག་ནས་ཕྱི་ལོ་༢༠༢༥ ཟླ་༡༢ པའི་ཟླ་འགོ་ལ་ཨེ་སི་རེལ་ལ་ཕྱིན་ཡོད་པ་དང་། ཐའེ་ཝན་དང་ཨེ་སི་རེལ་གཉིས་བར་དམག་དོན་ཐོག་ནས་འབྲེལ་ལམ་ཞིག་བཙུགས་ནས་ཟླ་བ་འགའ་ཤས་ཕྱིན་ཡོད་པའང་བརྗོད་འདུག་ལ། ཐའེ་ཝན་གྱི་སྲིད་འཛིན་(Lai Ching-te) གྱིས་ཨེ་སི་རེལ་གྱི་མཁའ་དབྱིངས་འགོག་སྲུང་མ་ལག་(Iron Dome) ལ་བལྟས་ནས་ཐའེ་ཝན་ལ་ཡང་དེ་ལྟ་བུ་བཟོ་འདོད་ཡོད་པའི་རྐྱེན་གྱིས་ཨེ་སི་རེལ་དང་མཉམ་འབྲེལ་བྱེད་ཐབས་བྱེད་བཞིན་ཡོད་ཅེས་བརྗོད་འདུག
དེ་བཞིན་ཐའེ་ཝན་གྱི་སྲིད་འཛིན་གྱིས་ཉེ་ཆར་ཐའེ་ཝན་གྱི་བདེ་སྲུང་ཆེད་དུ་མ་དངུལ་ཨ་སྒོར་ཐེར་འབུམ་༤༠ བཀའ་འཁྲོལ་ཞུས་ཡོད་འདུག་པ་དང་། མ་དངུལ་དེ་ལ་བརྟེན་ནས་འབྱུང་འགྱུར་ཕྱི་ལོ་༢༠༢༦ ནས་༢༠༣༣ བར་ལོ་བརྒྱད་ནང་ཐའེ་ཝན་གྱི་མཁའ་དབྱིངས་འགོག་སྲུང་མ་ལག་(Taiwan Dome) ཞེས་པ་ཞིག་བཟོ་འཆར་དང་། གཞན་མི་མེད་གནམ་གྲུ་དང་། དེང་རབས་ཀྱི་གོ་མཚོན་མང་པོ་ཞིག་བཟོ་རྒྱུའི་ཆེད་དུ་སྔོན་རྩིས་བཀའ་འཁྲོལ་ཞུས་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།