རྒྱ་ནག་གིས་དྲྭ་ཐོག་ནས་ཚོགས་སྡེ་དང་གཞུང་གི་ལས་ཁུངས་ཁག་ནང་རྐུ་ཇག་རྒྱག་བཞིན་ཡོད་འདུག


པར། རྒྱ་གར་གྱི་དུས་བབ་གསར་ཁང་། 

དེང་གི་དུས་སུ་འཕྲུལ་རིགས་དར་ཁྱབ་ཆེན་པོ་འགྱུར་བཞིན་པར་བརྟེན། ལས་ཁུངས་དང་ཚོགས་སྡེ། གཞུང་གི་གནད་ཡོད་མི་སྣ་བཅས་ཀྱིས་ལས་ཀ་ཆ་ཚང་གློག་ཀླད་ཀྱི་ཐོག་ནས་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཚོགས་སྡེ་སོ་སོའི་གསང་བ་རྐུ་ཇག་ཤོར་རྒྱུའི་ཉེན་ཁ་ཆེན་པོ་ཡིན་འདུག 

ཕྱི་ཚེས་༢༢ ཉིན་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་ཡོད་པའི་(I-Soon)ཟེར་བའི་འཕྲུལ་རིགས་ཀྱི་བདེ་འཇགས་སྲུང་སྐྱོབ་ཚོགས་པ་ཟེར་བ་དེ་ཡི་བརྒྱུད་ནས།  རྒྱ་ནག་གཞུང་གིས་ད་ཆར་རྒྱལ་སྤྱིའི་ནང་ཚོགས་སྡེ་ཁག་མང་པོ་ཞིག་དང་། རྒྱལ་ཁབ་མང་པོ་ཞིག་གི་གཞུང་གི་ལས་ཁུངས་སོགས་ཀྱི་གསང་བ་དྲྭ་ཐོག་ནས་རྐུ་ཇག་རྒྱག་གི་ཡོད་པ་ཤེས་རྟོགས་བྱུང་ཡོད་པར་བརྗོད་འདུག་ལ། གཙོ་བོ་རྒྱལ་ཁབ་འདྲ་མིན་གྱི་ཕྱི་འབྲེལ་ལས་ཁུངས་དང་། གཞུང་གི་གྲངས་ཐོའི་སྡེ་ཚན། དེ་བཞིན་གནད་ཡོད་མི་སྣ་བའི་གློག་ཀླད་སོགས་ལས་རྐུ་ཇག་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་པར་རྗོད་ཀྱི་འདུག གཟའ་ལྷག་པའི།ཉིན་བྱང་ཆིངས་སྒྲིག་འཛུགས་ཀྱི་དམག་སྡེ་ཚན་པའི་ཉམས་ཞིབ་པ་(SentinelLabs)ཟེར་བ་དེས་རྒྱ་ནག་གཞུང་གིས་དྲ་ཐོག་ནས་གཞན་གྱི་གསང་བ་རྐུ་ཇག་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་པར་བརྗོད་འདུག (I-Soon)ཟེར་བའི་ཚོགས་པ་དེའི་ཡན་ལག་ཧོང་ཀོང་དང། རྒྱ་གར་དང་། ཐ་ལེན་ཌ། ཝེ་ཏེ་ནམ། ལྷོ་ཀོ་རེ་ཡ་སོགས་ནང་ཡོད་འདུག (AFP)ཟེར་བའི་གསར་ཁང་དེ་ཡིས་བརྗོད་དོན་ལ། དབྱིན་ཡུལ་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གི་ཕྱི་སྲིད་བློན་ཆེན་གྱི་ལས་ཁུངས་དང་། རྒྱལ་ཁབ་ཀྱི་གསང་བའི་ལས་ཁུངས་སོགས་ལ་འབྲེལ་ཐག་འདྲ་མིན་བཏང་ནས་གནས་ཚུལ་རྐུ་ཇག་བྱེད་ཐབས་བྱེད་ཀྱི་ཡོད་པར་བརྗོད་འདུག་པ་དང་། དེ་བཞིན་ ཉམས་ཞིབ་པ་དག་གིས་(I-Soon)ཚོགས་པ་དེ་དང་རྒྱ་ནག་གཞུང་གཉིས་བར་གན་རྒྱ་བཞག་ནས་འཕྲུལ་རིགས་ཀྱི་ཐོག་ནས་ཡུ་གུར་མི་རིགས་རྣམས་སྟངས་འཛིན་ཤུགས་ཆེན་བྱེད་ཀྱི་ཡོད་པར་བརྗོད་འདུག (SentinelLabs)ཟེར་བའི་ཉམས་ཞིབ་པས་ད་དུང་བརྗོད་དོན་ལ། ཚོགས་པ་དེས་གཞུང་གི་གསང་བ་གཅིག་རྐུ་ཐུབ་ན་ཨ་སྒོར་55,000རག་གི་ཡོད་པ་ཡང་བརྗོད་འདུག ཨ་རིའི་གསང་བའི་ལས་ཁུངས་(FBI)ཟེར་བས་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་ནང་དྲ་རྒྱའི་ནུས་སྟོབས་གོང་མཐོར་གཏོང་དགོས་པའི་སྐུལ་མ་ཤུགས་ཆེན་བྱེད་ཀྱི་ཡོད་པར་བརྗོད་འདུག་ལ། དེ་བཞིན་རྒྱ་ནག་ནི་འཛམ་གླིང་ནང་དྲ་ཐོག་ནས་གསང་བ་རྐུ་ཇག་བྱེད་མཁན་ཆེ་ཤོས་དེ་ཡིན་པ་རེད་ཅེས་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།