རྒྱ་ནག་གིས་བྱང་ཀོ་རི་ཡར་དཔལ་འབྱོར་གྱི་ཉེས་ཆད་བཏང་འདུག
དམར་ཤོག་གི་རྒྱལ་ཁབ་བྱང་ཀོ་རི་ཡའི་འབྲེལ་ལམ་ཡག་ཤོས་ཀྱི་རྒྱལ་ཁབ་དེ་རྒྱ་ནག་ཡིན་ཡང་། རྒྱལ་སྤྱིའི་གནོན་ཤུགས་སོགས་ལ་བརྟེན་ནས་རྒྱ་ནག་གིས་བྱང་ཀོ་རི་ཡ་ནས། གནས་སྐབས་རིང་རྡོ་སོལ་ནང་འདྲེན་མཚམས་འཇོག་བྱ་རྒྱུ་ཡིན་འདུག
ཟླ་འདིའི་ཚེས་༡༨ ཉིན་རྒྱ་ནག་གི་ཚོང་འབྲེལ་བློན་ཆེན་ལྷན་ཁང་གིས། ཉེ་བའི་ཆར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདའི་ནུས་པ་ཚོད་ལྟ་བྱས་པར་བརྟེན། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱིས་རྒྱལ་ཁབ་དེར་དཔལ་འབྱོར་གྱི་ཉེས་ཆད་བཏང་བ་ལྟར། རྒྱ་ནག་གིས་ཀྱང་བྱང་ཀོ་རི་ཡ་ནས་རྡོ་སོལ་ནང་འདྲེན་ལོ་འདིའི་ལོ་མཇུག་བར་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། ཐག་གཅོད་དེ་ཟླ་འདིའི་ཚེས་༡༩ ཉིན་ནས་ལག་ལེན་དངོས་སུ་བསྟར་རྒྱུ་ཡིན་འདུག
བྱང་ཀོ་རི་ཡའི་དཔལ་འབྱོར་ལས་དོན་ནང་རྡོ་སོལ་ནི་ཕྱིར་འདྲེན་གྱི་ཅ་དངོས་ཁྲོད་བརྒྱ་ཆ་༣༤ ནས་༤༠ བར་ཟིན་གྱི་ཡོད་ཁར། རྡོ་སོལ་ཕལ་ཆེ་བ་རྒྱ་ནག་ལ་འཁྱེར་གྱི་ཡོད་པས། རྒྱ་ནག་གི་ཐག་གཅོད་དེས་བྱང་ཀོ་རི་ཡའི་དཔལ་འབྱོར་ལ་གནོད་སྐྱོན་ཆེན་པོ་འབྱུང་ཉེན་ཡོད་འདུག
ཆབ་སྲིད་དཔྱད་བརྗོད་པ་མང་པོ་ཞིག་གིས། རྒྱ་ནག་གིས་ཐག་གཅོད་དེ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ནུས་པ་ཚོད་ལྟ་བྱས་པ་གཅིག་པུ་མ་ཡིན་པར། ཉེ་ཆར་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གྱི་ཇོ་ཇོ་ཀིམ་ཇོང་ནན་བསད་པ་དང་འབྲེལ་བ་ཤུགས་ཆེན་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག དེ་ཡང་ཇོ་ཇོ་དེ་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཁར། ད་ལྟའི་ཀིམ་ཇོང་ཨན་གྱི་སྲིད་གཞུང་དེའི་མགོ་རྟིང་ལོག་ཚེ། སྲིད་འཛིན་གསར་པའི་འོས་མི་དེ་ཀིམ་ཇོང་ནན་ཡིན་པར་བརྩི་ཡི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།