རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཁབ་ལ་འབར་མའི་དམག་གིས་སྲིད་དབང་བཙན་འཕྲོག་བྱས་པར་སྐྱོན་བརྗོད་བྱེད་དུ་བཅུག་མི་འདུག 

མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཁང་(UN Security) ནས་འབར་མའི་དམག་གིས་མང་གཙོའི་ལམ་ནས་འདེམས་ཐོན་བྱས་པའི་འགོ་ཁྲིད་རྣམས་འཛིན་བཟུང་དང་། སྲིད་དབང་བཙན་འཕྲོག་བྱས་པར་སྐྱོན་བརྗོད་བྱེད་པའི་སྟ་གོན་བྱེད་སྐབས། རྒྱ་ནག་གིས་དེ་ལྟར་བྱེད་དུ་མ་བཅུག་པར་བཀག་འགོག་བྱས་ཡོད་འདུག 

ཕྱི་ཟླ་༢ ཚེས་༣ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཁབ་ལ་འབར་མའི་དམག་གི་སྒྲིག་འཛུགས་ཀྱི་སྲིད་དབང་བཙན་འཕྲོག་གི་བྱ་སྤྱོད་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་དུ་མ་བཅུག་པར་བཀག་འགོག་བྱས་ཡོད་འདུག

འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་རེས་གཟའ་ཟླ་བའི་ཉིན་ལྕམ་ཨན་སང་སུ་ཅི་གཙོས་པའི་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་འགོ་ཁྲིད་མང་པོ་གློ་བོར་དུ་འཛིན་བཟུང་བཀག་ཉར་བྱས་རྗེས། བརྙན་འཕྲིན་བརྒྱུད་ལམ་ཐོག་ནས་ལོ་སྔོན་མའི་ཕྱི་ཟླ་༡༡ ཀྱི་གྲོས་ཚོགས་འོས་བསྡུ་ཆེན་མོ་དེ་དྲང་བདེན་ཞིག་མ་བྱུང་བར་བརྟེན། སྲིད་དབང་དམག་དཔོན་(Min Aung Hlaing) ལ་རྩིས་སྤྲོད་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ། 

འབར་མའི་དམག་གིས་མང་གཙོའི་འགོ་ཁྲིད་འཛིན་བཟུང་བཀག་ཉར་དང་། སྲིད་དབང་བཙན་འཕྲོག་བྱས་པའི་གནས་ཚུལ་དེར། ཨ་རི་དང་དབྱིན་ཇིས་མཚོན་པའི་མང་གཙོའི་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་པའི་ཐོག ཨ་རིས་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་འགོ་ཁྲིད་རྣམས་གློད་གྲོལ་མ་བཏང་བ་ཡིན་ན་བསྐྱར་དུ་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་།  

དེ་བཞིན་རེས་གཟའ་མིག་དམར་ཉིན་མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཁང་གིས་ཚོགས་འདུ་ཞིག་བསྐོངས་ནས་འབར་མའི་ཛ་དྲག་གི་གནས་སྟངས་སྐོར་ལ་གྲོས་བསྡུར་དང་། འབར་མའི་དམག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་པའི་བསྒྲགས་གཏམ་ཞིག་སྤེལ་བའི་སྟ་གོན་བྱས་ན་ཡང་། རྒྱ་ནག་གིས་དེ་ལ་མོས་མཐུན་དང་རྒྱབ་སྐྱོར་མ་བྱས་སྟབས་དེ་ལྟར་བྱེད་མ་ཐུབ་པར་ལུས་ཡོད་འདུག 

རྒྱ་ནག་ནི་མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཁང་གི་གཏན་འཇགས་ཚོགས་མི་ལྔའི་ཁྲོད་ནས་གཅིག་ཡིན་པས། རྒྱ་ནག་གིས་མོས་མཐུན་དང་རྒྱབ་སྐྱོར་མ་བྱས་པ་ཡིན་ན། བདེ་འཇགས་ལྷན་ཁང་ནས་སྤྱི་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཐུབ་ཀྱི་མེད་པ་རེད། 

གཞན་ཡང་། ཕྱི་ཟླ་༢ ཚེ་༢ ཉིན་རྒྱ་ནག་གི་གཞུང་འབྲེལ་དབྱིན་ཡིག་གསར་ཁང་སྟེ། གོ་ལའི་དུས་བབ་(Global Times) ཀྱིས་“འབར་མའི་མེ་ལྕེ་ལ་ནུབ་ཕྱོགས་ཀྱིས་ས་སྣུམ་སྣོན་མི་ཉན་”ཞེས་པའི་རྩོམ་སྒྲིག་པའི་གཏམ་ཞིག་སྤེལ་བའི་ནང་། འབར་མའི་གནད་དོན་དེ་འབར་མ་ནང་ལོགས་ཀྱི་གནད་དོན་ཞིག་ཡིན་པས། ནུབ་ཕྱོགས་ཀྱིས་ཐེ་བྱུས་བྱས་ན་མི་འོས་པ་དང་། རྒྱ་ནག་གིས་གཙོས་པའི་འབར་མའི་ཁྱིམ་མཚེས་རྒྱལ་ཁབ་ཚོས་འབར་མའི་ནང་དུ་ཕྱོགས་ཐམས་ཅད་ནས་“དཀའ་རྙོག་དེ་རྩ་ཁྲིམས་དང་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་ཞི་བའི་ངང་སེལ་”ཐུབ་པའི་རེ་བ་རྒྱག་གི་ཡོད་ཚུལ་བཀོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།