རྒྱ་ནག་གིས་མི་སེར་གསར་འགོད་པ་ཞིག་ལ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད།
རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་གནས་སྟངས་སྐོར་གནས་ཚུལ་ཁྱབ་སྤེལ་བྱེད་མཁན་མི་མང་གསར་འགོད་པ་ཞིག་ལ། རྒྱ་ནག་གཞུང་གིས་རྩོད་པ་དང་རྙོག་གྲ་བསླངས་བའི་ནག་ཉེས་འོག་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཟླ་༡༢ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལོ་སྔོན་མའི་ཟླ་༥ པ་ནས་འཛིན་བཟུང་བཙོན་འཇུག་འོག་ཡོད་པའི་རྒྱ་ནག་གི་མི་སེར་གསར་འགོད་པ་བུད་མེད་ཀྲེང་ཏྲན་(Zhang Zhan) གྱི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ཡག་པོ་མེད་པ་དང་། མོའི་ཁྲིམས་རྩོད་པས་ཁྲིམས་ཞིབ་ཕར་འགྱངས་ཡོང་བའི་རེ་སྐུལ་ཞུས་འདུག་ཀྱང་། ཁྲིམས་ཁང་ནས་མོས་རྩོད་པ་དང་རྙོག་གྲ་བསླངས་བའི་ནག་ཉེས་བསགས་ཡོད་པ་ཐག་བཅད་ནས་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཁྲིམས་ཁང་གིས་མོས་སྐད་འཕྲིན་དང་ཊེའུ་ཊར། ཡུ་ཀྲོབ་ལྟ་བུའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་རྫུན་མ་བརྙན་དང་ཡི་གེ དེ་བཞིན་རྣམ་པ་གཞན་བརྒྱུད་ནས་ཁྱབ་སྤེལ་བཏང་ཡོད་པ་དང་། ཕྱིའི་རྒྱལ་ཁབ་ཁག་གི་བརྒྱུད་ལམ་གྱི་བཅར་འདྲིར་དང་ལེན་བྱས་ཏེ། ངན་སེམས་བཅང་ནས་ཝུ་ཧན་ནང་གི་ཏོག་ནད་ཡམས་སྐོར་གནས་ཚུལ་ཁྱབ་སྤེལ་བཏང་ཡོད་སྐོར་བརྗོད་འདུག
དེ་ཡང་རང་ལོ་༣༧ ཡིན་པའི་ཁྲོམས་རྩོད་པ་ཟུར་པ་ཁོང་གིས་ཟླ་༢ པའི་ནང་ཝུ་ཧན་དུ་ཕྱིན་ནས། དྲ་ཐོག་ཐད་གཏོང་བརྒྱུད་ནས། གྲོང་ཁྱེར་དེའི་ནང་གི་ཏོག་དབྱིབས་ནད་དུག་གནས་སྟངས་སྐོར་གནས་ཚུལ་ཁྱབ་སྤེལ་གཏོང་འགོ་བཙུགས་ཡོད་པས། མོའི་ཐད་གཏོང་དེ་རིགས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་ཆེན་པོ་བརྒྱུད་སྤེལ་བྱེད་མཁན་བྱུང་ནས། རྒྱ་ནག་གཞུང་གིས་མོ་ལ་དོ་སྣང་སླེབས་ཡོད་འདུག
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་འབྲེལ་མཐུད་ཚོགས་པས་བརྗོད་དོན་ལྟར་ན། མོས་ཐད་གཏོང་བྱས་པའི་གནས་ཚུལ་ཁག་གི་ནང་དུ། རང་དབང་ཅན་གྱི་གསར་འགོད་པ་གཞན་བཀག་ཉར་བྱས་པའི་སྐོར་དང་། ཏོག་དབྱིབས་ནད་དུག་གི་རྐྱེན་ནས་གྲོངས་མཁན་དག་གི་ནང་མི་ཚོས་ཞུ་གཏུག་བྱས་པར་བསུན་གཙེར་བཟོ་བའི་སྐོར་སོགས་ཀྱང་ཡོད་པ་རེད་འདུག
ཟླ་༥ པའི་ཚེས་༡༤ ཉིན་མོ་ཝུ་ཧན་ནས་གར་སོང་ཆ་མེད་གྱུར་འདུག་པ་དང་། ཉིན་གཅིག་གི་རྗེས་སུ་རྒྱང་ཐག་ཀི་ལོ་མི་ཊར་༦༤༠ ལས་མང་བའི་ས་གནས་ཧྲེང་ཧེ་(Shanghai) རུ་བཀག་ཉར་འོག་ཡོད་པ་ཉེན་རྟོག་པས་ཁྱབ་བསྒྲགས་བྱས་ཡོད་འདུག མོས་རང་ཉིད་འཛིན་བཟུང་བྱས་པ་དེར་ངོ་རྒོལ་བྱེད་ཆེད་དུ་ཟླ་བ་ཁ་ཤས་རིང་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་ནས། ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ཞན་པོོ་ཆགས་ཡོད་པ་དང་། རྗེས་སུ་མོ་ལ་སྦུ་གུ་བརྒྱུད་ནས་བཙན་གྱིས་ཁ་ལག་སྤྲད་འགོ་བཙུགས་ཡོད་འདུག
ཕྱི་ལོ་༢༠༡༩ ལོའི་ཟླ་༩ པའི་ནང་མོས་ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ་བ་ཚོར་རྒྱབ་སྐྱོར་བྱས་ཡོད་འདུག་པས། ཉེན་རྟོག་པས་བཀག་ཉར་བྱས་ཡོད་པ་རེད། །
གསར་འགོད་པ་སྐལ་བཟང་དོན་གྲུབ།
