རྒྱ་ནག་གིས་འཇིགས་སྐུལ་དང་ཐེ་ཝན་གྱིས་མཁའ་དབྱིངས་སྲུང་སྐྱོབ། 

ད་ཆར་ཨ་རི་དང་ཐེ་ཝན་བར་འབྲེལ་ལམ་ཇེ་བཟང་དུ་འགྲོ་བཞིན་པ་དང་བསྟུན་ནས། རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སུ་དམག་སྦྱོང་བྱེད་རྒྱུ་མང་དུ་བཏང་ནས་ཐེ་ཝན་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་འདུག

དེ་རིང་ཕྱི་ཚེས་༨ ཉིན་རྒྱ་གར་དང་རྒྱལ་སྤྱིའི་གསར་ཁང་ཁག་ལས་གནས་ཚུལ་ཐོན་གསལ་ལྟར་ན། ཁ་སང་ཕྱི་ཚེས་༧ གཟའ་ལྷག་པའི་ཉིན་རྒྱ་ནག་གི་མཁའ་དམག་གནམ་གྲུ་༣༧ ཐེ་ཝན་གྱི་མཁའ་དབྱིངས་སུ་འཕུར་ནས་ཐེ་ཝན་ལ་སྔར་ལས་འཇིགས་སྐུལ་ཇེ་ཆེར་གཏོང་གི་ཡོད་འདུག་ལ། ཐེ་ཝན་གྱི་བདེ་སྲུང་བློན་ཆེན་གྱིས་བརྗོད་དོན་ལ་རྒྱ་ནག་གི་མཁའ་དམག་གནམ་གྲུ་J-11དང་J-16   གཉིས་དང་། དེ་བཞིན་རྡུལ་ཕྲན་མཚོན་ཆ་འཁྱེར་ཐུབ་པའི་གནམ་གྲུ་H-6་སོགས་ཁྱོན་གནམ་གྲུ་༣༧ ཕྱི་ཚེས་༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༥ པ་ཙམ་ལ་ཐེ་ཝན་གྱི་མཁའ་དབྱིངས་སུ་འཕུར་ནས་ཐེ་ཝན་ལ་འཇིགས་སྐུལ་བྱས་ཡོད་པ་བརྗོད་འདུག

ད་ཆར་ཐེ་ཝན་གྱིས་ས་ཐོག་དང། མཚོ་ཐོག དེ་བཞིན་གནམ་ཐོག་སོགས་ཀྱི་འགོག་སྲུང་མ་ལག་ཡོད་ཚད་གྲ་སྒྲིག་བྱས་ནས་རྒྱ་ནག་གིས་ཐེ་ཝན་ལ་འཇིགས་སྐུལ་བྱེད་བཞིན་པའི་བྱ་སྤྱོད་ལ་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་འདུག་ལ། ཐེ་ཝན་གླིང་ཕྲན་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་ཚུལ་བཤད་ཀྱི་ཡོད་ཀྱང་ཐེ་ཝན་གྱིས་དེ་ངོས་ལེན་བྱེད་ཀྱི་མེད། ཨ་རི་དང་ཐེ་ཝན་བར་འབྲེལ་བ་བཟང་དུ་ཕྱིན་ནས་ཐེ་ཝན་གྱིས་རང་གི་རྒྱལ་སྲུང་ཆེད་ཨ་རི་ནས་མཚོན་ཆ་དུ་མ་ཉོ་བཞིན་ཡོད་ཅིང་། ད་ཆར་ཨ་རི་དང་ཐེ་ཝན་བར་ཚོང་འབྲེལ་ཇེ་ཡག་འགྲོ་བཞིན་ཡོད་པས་རྒྱ་ནག་གིས་མ་དགའ་བའི་རྣམ་འགྱུར་ཆེན་པོ་སྟོན་བཞིན་ཡོད་འདུག རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་མོག་ནིན་གྱིས་བརྗོད་དོན་ལ། ཨ་རི་ཡིས་གཞུང་འབྲེལ་གྱི་ཐོག་ནས་ཐེ་ཝན་དང་གྲོས་མཐུན་བཞག་རྒྱུ་མཚམས་འཇོག་བྱས་ན་ལེགས་ཚུལ་དང། དེ་བཞིན་ཐེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་པ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་ཀྱི་ཡོད་པས། ཨ་རིའི་ངོས་ནས་དེ་མཚམས་འཇོག་བྱེད་དགོས་པར་བརྗོད་འདུག

དེ་བཞིན་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཇོན་ཀེར་(John Kirby) བརྗོད་དོན་ལ། ད་ཆར་རྒྱ་ནག་གིས་ཐེ་ཝན་གྱི་ཉེ་འཁོར་དང་ལྷོ་ཤར་ཨེ་ཤི་ཡའི་ཁུལ་གྱི་མཚོ་གླིང་ནང་དམག་སྦྱོང་དང་། དྲག་པོའི་སྟོགས་ཤུགས་རྒྱ་བསྐྱེད་བྱེད་བཞིན་པར་བརྟེན། ཐེ་ཝན་གཙོས་པའི་ས་ཁུལ་དེ་དག་ནང་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་ཚུལ་བརྗོད་འདུག 

དེ་སྔོན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སིས་ལགས་(Nancy Pelosi)ཐེ་ཝན་དུ་གཟིགས་སྐོར་ལ་ཕེབས་པ་ནས་བཟུང་རྒྱ་ནག་གིས་ཐེ་ཝན་ལ་འཇིགས་སྐུལ་བྱེད་རྒྱུ་མང་དུ་ཕྱིན་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།