རྒྱ་ནག་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་དགོས་འདུན་ཁས་ལེན་བྱས་མི་འདུག 

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་བྱེད་ཆེད་དུ། ཝུ་ཧན་གྲོང་ཁྱེར་དུ་བསྐྱར་དུ་ཡོང་རྒྱུ་དང་། བརྟག་དཔྱད་ཁང་གི་གནས་ཚུལ་མཁོ་སྤྲོད་དགོས་སྐོར་བརྗོད་པར། རྒྱ་ནག་གཞུང་གིས་ཁས་ལེན་བྱས་མེད་འདུག

ཟླ་༧ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། གསར་འགོད་ལྷན་ཚོགས་ཤིག་གི་སྐབས་སུ་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལས་ཁང་གི་བློན་ཆེན་གཞོན་པས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་བྱེད་མཁན་ཆེད་ལས་པའི་རུ་ཁག ལོ་འདིའི་འགོ་སྟོད་དུ་ཞིབ་འཇུག་བྱས་ཟིན་པའི་ཝུ་ཧན་གྱི་ས་ཚིགས་ཁག་ཏུ་བསྐྱར་དུ་ཡོང་རྒྱུ་དང་། ཏོག་དབྱིབས་ནད་དུག་དེ་ཐོག་མར་ཝུ་ཧན་གྱི་བརྟག་དཔྱད་ཁང་ནས་ཐོན་ཡིན་སྲིད་པའི་བསམ་ཚུལ་ལ་ཞིབ་འཇུག་བྱེད་འཆར་ཡོད་པ་དེར་ཁོང་ཧང་སངས་ཡོད་པ་དང་། ལས་དོན་དེ་ནི་ཚན་རིག་དང་མཐུན་གྱི་མེད་སྐོར་བརྗོད་འདུག 

དེ་བཞིན་ཝུ་ཧན་གྱི་འབྲེལ་ཡོད་ལས་བྱེད་གཅིག་གིས། ཝུ་ཧན་བརྟག་དཔྱད་ཁང་གི་བདེ་འཇགས་ཚད་གཞི་དེ་ནི་རྒྱལ་སྤྱིའི་གནས་ཚད་ལྟར་ཚད་ལྡན་དང་བདེ་འཇགས་ལྡན་ཡོད། ཤེས་ཡོན་གྱི་སྡེའི་ནང་དུ་མང་མོས་ཀྱི་བསམ་ཚུལ་ལ་ཏོག་དབྱིབས་ནད་དུག་དེ་རང་བྱུང་ཐོག་ནས་ཐོན་པར་ཁས་ལེན་བྱེད་ཀྱི་ཡོད་སྐོར་བརྗོད་ནས། ཝུ་ཧན་ནང་དུ་ཏོག་དབྱིབས་ནད་དུག་ཐོག་མར་མ་ཐོན་པའི་སྔོན་དུ། ཉམས་ཞིབ་པ་གསུམ་ལ་ཏོག་ནད་འགོས་ཡོད་པའི་གནས་ཚུལ་དེ་ནི་བདེན་པ་མིན་སྐོར་བརྗོད་འདུག 

རྒྱ་ནག་གཞུང་གིས་དེ་སྔོན་ནས་ཏོག་དབྱིབས་ནད་དུག་དེ་རྒྱ་ནག་ནས་ཐོག་མར་ཐོན་མེད་པའི་བསམ་ཚུལ་ཁྱབ་སྤེལ་བྱེད་ཐབས་བྱེད་བཞིན་པ་ལྟར། ཐེངས་འདིར་ཡང་འབྲེལ་ཡོད་ལས་བྱེད་གཅིག་གིས་ཏོག་དབྱིབས་ནད་པ་ཐོག་མར་ཤེས་རྟོགས་བྱུང་བའི་ས་གནས་དེ། ཏོག་དབྱིབས་ནད་དུག་འབྱུང་ཁུངས་ཀྱི་ས་གནས་དངོས་དེ་མིན་པའི་ངེས་པའང་ཡོད་སྐོར་བརྗོད་འདུག 

ད་དུང་རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་སེམས་ཅན་ནས་མི་ལ་ཏོག་ནད་འགོས་ཡོད་པའི་བསམ་ཚུལ་ལ་དོ་སྣང་ཆེ་ཙམ་དང་། ཞིབ་འཇུག་དེ་རྒྱལ་སྤྱིའི་རྒྱལ་ཁབ་གཞན་དུ་ཡང་རྒྱ་སྐྱེད་བྱེད་དགོས་སྐོར་བརྗོད་འདུག 

ཟླ་འདིའི་ཚེས་༡༥ ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་གཙོས་རྒྱ་ནག་ལ་ཕྱི་གསལ་ནང་གསལ་དང་གནས་ཚུལ་དཔྱད་ཞིབ་ཆེད་དུ་མཐུན་འགྱུར་ཡག་ཏུ་གཏོང་དགོས་སྐོར་བརྗོད་ནས། དཔྱད་ཞིབ་རིམ་པ་དང་པོའི་སྐབས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགོ་མ་བཙུགས་ཙམ་གྱི་སྔོན་དང་འགོ་འཛུགས་བྱས་པའི་སྐབས་ཀྱི་ནད་པའི་གནས་ཚུལ་བཅོས་འགྱུར་མ་བྱས་པའི་ཐོག་མ་རྣམས་རྒྱ་ནག་གིས་མཁོ་སྤྲོད་བྱས་མེད་པས། དཔྱད་ཞིབ་རིམ་པ་གཉིས་པའི་སྐབས་སུ་གནས་ཚུལ་དེ་རྣམས་མཁོ་སྤྲོད་དགོས་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་ཝུ་ཧན་གྲོང་ཁྱེར་ནང་གི་ནད་འབུ་བརྟག་དཔྱད་ཁང་གི་གནས་ཚུལ་གསལ་པོ་མཁོ་སྤྲོ་དགོས་པ་དང་། རང་ཉིད་འཕྲོད་བསྟེན་ཆེད་ལས་པ་ཞིག་ཡིན་པའི་ཆ་ནས། ནོར་འཁྲུལ་རིགས་ཤོར་རྒྱུ་ཡོད་པ་ཤེས་ཀྱི་ཡོད་སྐོར་བརྗོད་འདུག ཁོང་གི་སྐད་ཆ་དེ་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ད་དུང་ཡང་ཏོག་དབྱིབས་ནད་དུག་དེ། བརྟག་དཔྱད་ཁང་ནས་ཐོན་པ་ཡིན་པའི་བཤད་ཚུལ་ལ་བསམ་ཞིབ་བྱེད་བཞིན་པའི་བརྡ་བསྟན་པ་ཤུགས་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།