རྒྱ་ནག་གིས་རྒྱ་གར་གྱི་གསར་འགོད་པ་ཕྱིར་འབུད། 

ད་ཆར་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་སུ་རྒྱ་ནག་ནང་ཡོད་པའི་རྒྱ་གར་གཞུང་གི་གསར་ཁང་ཁག་གི་གསར་འགོད་པ་བཞི་ཡོད་པ་རྣམས་རྒྱ་ནག་ནས་ཕྱིར་འབུད་གཏོང་བཞིན་ཡོད་འདུག 

ཕྱི་ཚེས་༡༢ ཉིན་ཐེ་ཝན་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱ་གར་གྱི་གསར་འགོད་པ་ཞིག་རྒྱ་ནག་ནས་ཐོན་དགོས་ཚུལ་བཤད་ཡོད་པ་དང་། སྤྱིར་རྒྱ་ནག་ནང་དུ་རྒྱ་གར་གྱི་གསར་འགོད་པ་བཞི་ཡོད་འདུག་ཀྱང་། གསར་འགོད་པ་གཉིས་དེ་སྔོན་ཕྱི་ཟླ་བཞི་པའི་ནང་ཕར་རྒྱ་ནག་ཏུ་ལོག་འགྲོ་དུས་མཐོང་མཆན་བཀག་སྡོམ་བྱས་ཡོད་པ་དང་། བདུན་ཕྲག་སྔོན་མའི་ནང་རྒྱ་གར་གྱི་གསར་འགོད་པ་གཞན་ཞིག་ཕྱིར་རྒྱ་གར་ལ་ལོག་དགོས་བྱུང་ཡོད་འདུག ད་ལྟ་རྒྱ་གར་གྱི་(The press trust of India news Agency) ཟེར་བའི་རྒྱ་གར་གྱི་གསར་ཁང་ཞིག་གི་གསར་འགོད་པ་གཅིག་རྒྱ་ནག་ནང་དུ་ཡོད་འདུག་པས། གསར་འགོད་པ་དེའི་མཐོང་མཆན་གྱི་དུས་ཚོད་རྫོགས་ཡོད་ཀྱང་དུས་འགྱངས་བྱས་མེད་པར་བརྟེན་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱ་ནག་ནས་ཁ་འབྲལ་དགོས་འབྱུང་བཞིན་ཡོད་འདུག

རྒྱ་གར་ནང་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ལ་བཀག་སྡོམ་དང་དམ་དྲག་མེད་ཚུལ་རྒྱ་གར་དབུས་གཞུང་གི་མགྲིན་ཚབ་པ་ཨར་ཌི་མ་སྦ་གེ་ཆེ་( Arindam Bagchi) ཡིས་བརྗོད་དོན་ལ། རྒྱ་གར་ནང་རྒྱ་ནག་གཙོས་པའི་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ལ་གསར་འགྱུར་འགོད་རྒྱུ་ཡི་རང་དབང་ཆ་ཚང་ཡོད་པ་དང་། དམ་དྲག་དང་བཀག་སྡོམ་གཅིག་ཀྱང་མེད་ཚུལ་བརྗོད་འདུག 

དེ་བཞིན་ཁོང་གིས་བརྗོད་དོན་ལ་རྒྱ་ནག་ནང་རྒྱ་གར་གྱི་གསར་འགོད་པ་རྣམས་ལ་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད། སྤྱིར་ཕྱི་རྒྱལ་གྱི་གསར་འགོད་པ་ཡིན་ན་རྒྱལ་ཁབ་དེའི་ནང་གསར་འགོད་པ་འདེམས་ཆོག་ཀྱང་། རྒྱ་ནག་ནང་གི་ས་གནས་ཁག་ལ་རྒྱ་མིའི་གསར་འགོད་པ་འདེམས་ཆོག་པའི་ཆོག་མཆན་མེད་པ་མ་ཟད། གསར་འགོད་པ་རྣམས་ས་ཆ་གང་དུ་འགྲོ་དགོས་ནའང་སྔོན་དུས་ནས་རྒྱ་ནག་གཞུང་ལ་ཆོག་མཆན་ཞུ་དགོས་པ་བཅས་ཀྱིས་དམ་དྲག་ཆེན་པོ་ཡོད་པར་བརྗོད་འདུག

གསར་འགོད་པའི་རྙོག་གྲ་ཡོང་ས་གཙོ་བོ་ནི་རྒྱ་ནག་ནང་ཡོད་པའི་རྒྱ་གར་གྱི་གསར་འགོད་པ་རྣམས་ལ་རྒྱ་ནག་ནང་གི་ས་ཚུགས་སོ་སོའི་ནང་ས་གནས་གསར་འགོད་པ་འདེམས་མ་བཅུག་པ་དང་། གཞུང་གི་ཆོག་མཆན་མེད་པའི་ས་གནས་འདྲ་མིན་ལ་འགྲོ་མ་བཅུག་པར་བརྟེན། རྙོག་གླེང་དག་དེ་ནས་འགོ་བཙུགས་ཡོད་འདུག

རྒྱ་ནག་གཞུང་གིས་བརྗོད་དོན་ལ་ཟླ་སྔོན་མའི་ནང་རྒྱ་གར་གཞུང་གིས་རྒྱ་ནག་གི་གསར་འགོད་པ་གཉིས་ལ་མཐོང་མཆན་སྤྲད་མེད་པར་བརྟེན། དེ་ལ་ཡ་ལན་ཡིན་པར་བརྗོད་འདུག ཟླ་བ་སྔོན་མའི་ནང་རྒྱ་གར་གཞུང་གིས་རྒྱ་ནག་གི་གསར་ཁང་(Xinhua News Agency ) དང་ (China Central Televsion) ཞེས་པའི་གསར་ཁང་གཉིས་ཀྱི་གསར་འགོད་པ་གཉིས་ཀྱི་མཐོང་མཆན་བཀག་ཡོད་འདུག་ཀྱང་། ཧྲང་ཧེ་མཉམ་འབྲེལ་ཚོགས་འདུའི་(Shanghai Cooperation Organsiation) ཐོག་རྒྱ་དཀར་ནག་གི་ཕྱི་འབྲེལ་བློན་ཆེན་གཉིས་ཀྱི་མཇལ་འཛོམས་སྐབས་སུ་རྒྱ་ནག་གི་གསར་འགོད་པ་རྣམས་ཀྱི་མཐོང་ཆེན་གནས་སྐབས་དུས་འགྱངས་བྱེད་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག 

རྒྱ་ནག་གཞུང་གི་མགྲིན་ཚབ་པ་ཝང་ཝན་པིང་(Wang Wenbin) གིས་བརྗོད་དོན་ལ་ཕྱི་ལོ་༢༠༢༠ བར་རྒྱ་གར་ནང་རྒྱ་ནག་གི་གསར་འགོད་པ་ཁྱོན་༡༤ ཡོད་ཀྱང་། ད་ཆར་༡ ལས་མེད་པར་བརྟེན་མ་འོངས་པར་རྒྱ་དཀར་ནག་བར་གྱི་འབྲེལ་ལམ་བཟང་དུ་ཕྱིན་ནས་གསར་འགོད་པ་གང་མང་གཏོང་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་ཡོད་འདུག ཕྱི་ལོ་༢༠༢༠ ནང་རྒྱ་དཀར་ནག་བར་གདོང་ཐུག་བྱུང་བ་ནས་བཟུང་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་ཡོད་འདུག དེ་བཞིན་ཨ་རིའི་ནང་ཌོ་ནལ་ཊམ་སྲིད་འཛིན་ཡིན་དུས་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་མང་པོ་ཞིག་ལ་ནག་ཉེས་བཙུགས་པའི་རྐྱེན་གྱིས་རྒྱ་ནག་དང་ཨ་རིའི་བར་ལ་གསར་འགོད་པའི་གནད་དོན་ཐོག་རྩོད་རྙོག་བྱུང་ཡོད། 

ཕྱི་ལོ་༢༠༢༠ ནང་ཨོ་སི་ཌི་ལི་ཡ་དང་རྒྱ་ནག་བར་གྱི་འབྲེལ་ལམ་སྡུག་ཏུ་ཕྱིན་པའི་སྐབས་སུའང་རྒྱ་ནག་ལ་ཡོད་པའི་ཨོ་སི་ཌི་ལི་ཡའི་གསར་འགོད་པ་གཉིས་རྒྱ་ནག་ནས་ཕྱིར་འབུད་བཏང་ཡོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།