རྒྱ་ནག་གིས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་དག་དང་དམག་དོན་གྱི་འབྲེལ་བ་བཙུཌ་ནས་རྒྱ་གར་གྱི་ཤུཌ་རྐྱེན་འགོག་ཐབས་བྱེད་པ།

རྒྱ་དཀར་ནག་གཉིས་བར་རྩོད་རྙོག་དུ་མ་འབྱུང་གི་ཡོད་པ་བཞིན་ད་ཆར་རྒྱ་ནག་གིས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་དག་དང་དམག་དོན་གྱི་འབྲེལ་བ་བཙུགས་ནས་རྒྱ་གར་གྱི་ཤུགས་རྐྱེན་འགོག་ཐབས་དང་། རྒྱལ་ཁབ་དེ་དག་དང་རྒྱ་གར་བར་འབྲེལ་ལམ་སྡུག་ཏུ་གཏོང་ཐབས་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༡༣ ཉིན་(The Hindu)ཟེར་བའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་དམག་དོན་སྐུ་ཚབ་བཅིག་མལ་ཌིབ་རྒྱལ་ཁབ་ནང་ལྟ་སྐོར་དུ་ཕྱིན་ཡོད་འདུག་ལ། མལ་ཌིབ་རྒྱལ་ཁབ་དེའི་ད་ལྟའི་སྲིད་འཛིན་(Mohamed Muizzu)ཟེར་བའི་འགོ་ཁྲིད་དེ་རྒྱ་གར་ལ་མི་དགའ་མཁན་ཞིག་ཡིན་འདུག་ཅིང་། རྒྱ་ནག་ཕྱོགས་སུ་ཁ་ཕྱོགས་བཞིན་ཡོད་འདུག ཁོ་ཐོག་མར་སྲིད་འཛིན་ཆགས་དུས་ནས་མལ་ཌིབ་ནང་ཡོད་པའི་རྒྱ་གར་གྱི་དམག་མི་༨༥ རྣམས་ཕྱིར་འཐེན་བྱེད་འཇུག་རྒྱུ་ཡིན་པར་བརྗོད་པ་བཞིན་ད་ཆར་རྒྱ་གར་གྱི་དམག་མི་མང་ཆེ་བ་ཕྱིར་འཐེན་ཟིན་ཡོད་འདུག་ལ། མལ་ཌིབ་ཀྱི་ད་ལྟའི་གཞུང་འཛིན་ཚོགས་པ་དེ་རྒྱ་ནག་དང་འབྲེལ་བ་འཛུགས་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་བཞིན། ཉེ་ཆར་རྒྱ་ནག་གི་དམག་དོན་སྐུ་ཚབ་གཅིག་མལ་ཌིབ་ནང་ལྟ་སྐོར་དུ་ཕྱིན་ཡོད་འདུག་ལ། བདུན་ཕྲག་སྔོན་མར་མལ་ཌིབ་དང་རྒྱ་ནག་གཉིས་བར་དམག་དོན་གྲོས་མཐུན་ཡང་བཞག་ཡོད་འདུག དེ་བཞིན་རྒྱ་ནག་གི་དམག་དོན་སྐུ་ཚབ་དེ་ཤྲི་ལིངྐ་དང་བལ་ཡུལ་ནང་ལ་ཡང་ཕྱིན་ནས་དམག་དོན་གྲོས་མཐུན་བཞག་ཡོད་པ་བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་རྒྱ་ནག་གིས་བརྗོད་ཡོད་འདུག བདུན་ཕྲག་སྔོན་མར་མལ་ཌིབ་གཞུང་གིས་བརྗོད་དོན་ལ་རྒྱ་གར་གྱི་དམག་མི་རྣམས་ཕྱིར་འཐེན་ཟིན་རྗེས་རྒྱ་ནག་དང་ལྷན་དུ་དམག་དོན་གྲོས་མཐུན་བཞག་ཡོད་ཚུལ་དང་། མལ་ཌིབ་གཞུང་གིས་ཕྱི་ཚེས་༤ ནས་༡༣ བར་རྒྱ་ནག་གི་དམག་དོན་སྐུ་ཚབ་རྣམས་མལ་ཌིབ་དང་བལ་ཡུལ། ཤྲི་ལིངྐ་བཅས་ལ་ལྟ་སྐོར་དུ་ཕྱིན་ཡོད་པ་རྒྱ་ནག་གི་དམག་དོན་ལྷན་ཁང་ནས་སྐད་འཕྲིན་ཐོག་གནས་ཚུལ་སྤེལ་ཡོད་འདུག་ལ། རྒྱལ་ཁབ་དེ་དག་གསུམ་དང་ལྷན་དུ་རྒྱ་ནག་གིས་བདེ་སྲུང་དང་འབྲེལ་བའི་དམག་དོན་གྲོས་མཐུན་བཞག་ཡོད་པ་ཡང་བརྗོད་འདུག ད་ཆར་རྒྱ་གར་གྱི་མཐའ་འཁོར་དུ་ཡོད་པའི་རྒྱལ་ཁབ་དེ་དག་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་འདུག་ལ། ཉེ་ཆར་རྒྱ་གར་གྱིས་ཧིན་བོད་ས་མཚམས་སུ་བདེ་སྲུང་ཆེད་དུ་རྒྱ་གར་གྱི་དམག་མི་༡༠༠༠༠ ཙམ་བཏང་འདུག་པ་དང་། རྒྱུ་མཚན་ནི་ད་ཆར་ཧིན་བོད་ས་མཚམས་སུ་གནས་སྟངས་རྒྱུན་ལྡན་མིན་པ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་བརྗོད་ཡོད་འདུག རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཤུགས་རྐྱེན་འགོག་ཐབས་ཆེད་དུ་ཕྱོགས་མང་པོ་ཞིག་ནས་སྐོར་ཡོང་བཞིན་ཡོད་པ་དང་།
བལ་ཡུལ་ལྟ་བུར་མཚོན་ན་ད་ཆར་བལ་ཡུལ་དམར་ཤོག་སྲིད་དོན་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་གཞུང་གསར་འཛུགས་བྱས་ཡོད་པར་བརྟེན། སྲིད་དོན་ཚོགས་པ་དེ་གཉིས་ནི་རྒྱ་ནག་ལ་དགའ་ཞེན་ཡོད་མཁན་གྱི་སྲིད་དོན་ཚོགས་པ་གཉིས་ཡིན་པའི་རྐྱེན་གྱིས་རྒྱ་ནག་གི་ཤུགས་རྐྱེན་བལ་ཡུལ་ནང་སླེབ་རྒྱུ་སྔར་ལས་སྟབས་བདེ་རུ་ཕྱིན་ཡོད་འདུག དེར་བརྟེན་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་སླེབ་ཀྱི་ཡོད་པ་དང་། རྒྱ་གར་ནི་རྒྱལ་ཁབ་དེ་དག་དང་ལྷན་དུ་འབྲེལ་ལམ་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
