རྒྱ་ནག་གིས་རྒྱལ་ཚོགས་སུ་བསྟན་རྡོར་གྱི་གཏམ་བཤད་འགོག་ཐབས་ཐེངས་གཉིས་བྱས།

ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༢༧ དང་༢༨ བཅས་ཉིན་གཉིས་ཀྱི་རིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཚོགས་ཆེན་ཐེངས་༡༨ པ་དེ་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་སྐུ་ཚབ་འབུམ་རམས་པ་བསྟན་འཛིན་རྡོ་རྗེས་བཙན་བཟུང་འོག་ཏུ་ཡོད་པའི་བོད་ནང་གི་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་གཏན་འཇགས་སློབ་གྲྭ་དང་། དེ་བཞིན་ཡུ་གུར་དང་། ནང་སོག་སོགས་ཀྱི་གནས་སྟངས་སྐོར་གཏམ་བཤད་སྤེལ་བའི་སྐབས། རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་གཏམ་བཤད་འགོག་ཐབས་ཐེངས་གཉིས་བྱས་འདུག


དྲ་ཐོག་ཏུ་ཁྱབ་བརྡལ་ཆེན་པོ་འགྲོ་བཞིན་པའི་འབུམ་རམས་པ་བསྟན་འཛིན་རྡོ་རྗེས་རྒྱལ་ཚོགས་སུ་གཏམ་བཤད་གནང་བའི་བརྙན་ལམ་ལྟར་ན། ཁོང་གིས་ཚོགས་ཐོག་ཏུ། རྒྱ་གཞུང་གིས་བོད་ནང་ལོ་༦ ནས་༡༨ བར་གྱི་བོད་ཕྲུག་འབུམ་༨ ནས་༩ ཙམ་ཞིག་རང་གི་ཕ་མ་དང་ཁ་བྲལ་དུ་བཏང་སྟེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ངོ་བོ་བཅས་རྩ་མེད་གཏོང་ཆེད་དུ་བཙུགས་པའི་གཞུང་གཉེར་གཏན་འཇགས་སློབ་གྲྭ་ཁག་ཏུ་བཙན་གྱིས་བཅུག་པའི་གནས་ཚུལ་ཐེར་འདོན་གནང་འདུག
བསྟན་འཛིན་རྡོ་རྗེས་གཏམ་བཤད་གནང་བའི་སྐབས་སུ། རྒྱ་ནག་གི་སྐུ་ཚབ་པས། བསྟན་རྡོར་གྱིས་རྒྱ་ནག་གི་གཏན་འཇགས་སློབ་གྲྭའི་ལམ་ལུགས་དེ་མི་སེར་སྤེལ་ཡུལ་གྱི་ལག་ཆ་ཡིན་པར་ངོས་འཛིན་བྱས་པར་ཁས་ལེན་མ་བྱས་ཤིང་། གཏམ་བཤད་དེས་རྒྱ་ནག་གི་རང་བཙན་གྱི་བདག་དབང་དང་རྒྱལ་ཚོགས་ཀྱི་བཅའ་ཁྲིམས། ཚོགས་འདུའི་སྒྲིག་གཞི་བཅས་དང་འགལ་ཡོད་པའི་སྐྱོན་བརྗོད་བྱས་ནས་གཏམ་བཤད་འཕྲལ་དུ་མཚམས་འཇོག་དགོས་པའི་རེ་འདུན་བཏོན་ཏེ། གཏམ་བཤད་ལ་བར་ཆད་ཐེངས་གཉིས་བཏང་སོང་།
རྒྱ་ནག་གི་སྐུ་ཚབ་དང་མཉམ་དུ་ཨི་རན་གྱིས་ཀྱང་རྒྱ་ནག་གི་དགོས་འདུན་ལ་རྒྱབ་སྐྱོར་བྱས་ཏེ། བསྟན་རྡོར་ལ་ངོ་རྒོལ་བྱས་ཀྱང་། རྒྱ་ནག་དང་ཨི་རན་ཕུད་པའི་ཚོགས་བཅར་རྒྱལ་ཁབ་༢༦ ལྷག་ཡོད་པ་རྣམས་ལས་སུ་གཅིག་གིས་ཀྱང་ཁོང་གི་གཏམ་བཤད་ལ་དགག་བྱ་བྱས་མ་སོང་།
བསྟན་རྡོར་གྱིས་མུ་མཐུད་དུ་རྒྱ་གཞུང་གིས་རིག་གཞུང་གཅིག་གྱུར་བཟོ་ཐབས་ཀྱི་སྲིད་བྱུས་མཁྲེགས་པོ་དེ་ནི་བོད་མི་དང་རྒྱ་ནག་གི་བཙན་བཟུང་འོག་གི་མི་རིགས་གཞན་དག་གིས་མྱོང་བཞིན་པའི་སྡུག་བསྔལ་གྱི་འབྱུང་རྩ་ཡིན་པ་དང་། ཐབས་ལམ་དེས་ཁ་བྲལ་དང་། ཐལ་སྤྱོད་རིང་ལུགས། ཐ་ན་འཇིགས་སྐུལ་རིང་ལུགས་བཅས་ཀྱི་གཞི་རྩ་བསྐྲུན་གྱི་ཡོད་པར་བརྗོད་འདུག
ཁོང་གིས་གལ་སྲིད་རྒྱལ་ཁབ་ཅིག་གི་ནང་འཇིགས་སྐུལ་རིང་ལུགས་པ་གཅིག་ཡོད་ན། དེ་ནི་རྒྱལ་ཁབ་དེའི་དཀའ་ངལ་རེད། འོན་ཀྱང་གལ་སྲིད་རྒྱལ་ཁབ་ཅིག་གི་ནང་འཇིགས་སྐུལ་རིང་ལུགས་པ་ས་ཡ་གཅིག་ཡོད་ན། རྒྱལ་ཁབ་དེ་ཉིད་དཀའ་ངལ་ཆགས་ཡོད་སྲིད་པ་དང་། དེ་ནི་རྒྱལ་ཁབ་ཚང་མས་ངེས་པར་དུ་དྲན་དགོས་ཞེས་བརྗོད་པའི་སྐབས། ཚོགས་བཅར་བ་རྣམས་ཀྱིས་དགའ་བསུའི་ཐལ་མོ་ཤུགས་ཆེན་པོ་བརྡབས་སོང།
གཞན་ཡང་ཁོང་གིས་ནང་སོག་ཏུ་རྒྱ་གཞུང་གིས་སློབ་གྲྭ་དང་སྤྱི་ཚོགས། འཚོ་བའི་ཁྲོད། སོག་པོའི་སྐད་ཡིག་བེད་སྤྱོད་བྱེད་རྒྱུ་བཀག་སྡོམ་བྱས་པའི་རྐྱེན་གྱིས། ད་ཆར་རྒྱ་ནག་ནང་ཡོད་པའི་སོག་པོ་བརྒྱ་ཆ་༣༠ ཙམ་གྱིས་རང་གི་ཕ་སྐད་ཤོད་མི་ཤེས་པའི་གནས་སུ་གྱུར་ཡོད་པ་དང་། ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་ཁང་དུ་བཅུག་ཡོད་པ། གྲངས་ཉུང་མི་རིགས་རྣམས་ནི་རྒྱལ་ཁབ་ཀྱི་ཐོན་ཁུངས་སྟོང་པ་བཟོ་མཁན་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་མཁན་མིན་པར། དེ་ལས་ལྡོག་སྟེ་ཟས་རིགས་བཟོ་སྟངས་དང་། རྨང་གཞིའི་འཛུགས་སྐྲུན། འཕྲུལ་རིག་སོགས་ཀྱི་ཐད་སྤྱི་ཚོགས་དང་འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཆེན་པོ་ཞུ་མཁན་ཡིན་པ་དང་། ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་ཞབས་འདེགས་གལ་ཆེ་ཤོས་ནི་ཁོང་ཚོའི་ལྟ་ཚུལ་དེ་ཡིན་པར་སོགས་བརྗོད་སོང་།
མཇུག་བསྡོམས་སུ་ཁོང་གིས་རྒྱལ་ཁབ་ཁག་གིས་གྲངས་ཉུང་མི་རིགས་རྣམས་ལ་རང་གི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐོབ་ཐང་སྤྲོད་དགོས་པའི་ལམ་སྟོན་ནམ་རྒྱབ་གཉེར་གནང་བ་དང་། རྒྱ་ནག་གཞུང་ལ་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་གཏན་འཇགས་སློབ་གྲྭ་ཁག་སྒོ་རྒྱག་དགོས་པ་དང་། བྱིས་པ་རྣམས་ཕ་མ་དང་ཁ་བྲལ་མི་དགོས་པའི་ཆེད་དུ་ས་གནས་ཀྱི་སློབ་གྲྭ་ཁག་སླར་གསོ་དགོས་པའི་རེ་སྐུལ་གནང་སོང་།།
གསར་འགོད་པ། བློ་བཟང་རྒྱ་མཚོ།