རྒྱ་ནག་གིས་ཨ་རི་ལ་ཉེན་བརྡ་བཏང་བ།

ཟླ་འདིའི་ཚེས་༢༧ ཉིན་ཨ་རིའི་དམག་གི་གྲུ་གཟིངས་ཤིག་ལྷོ་རྒྱ་ནག་རྒྱ་མཚོོར་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་བརྗོད་བཞིན་པའི་མཚོ་ཁུལ་གྱི་ཉེ་འགྲམ་བརྒྱུད་ནས་བཏང་བའི་དབང་གིས། རྒྱ་ནག་གིས་ཨ་རིའི་བྱ་སྤྱོད་དེ་ནི་ཁྲིམས་འགལ་ཡིན་པའི་ཉེན་བརྡ་བཏང་འདུག

12179878_105རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པ་ལུ་ཀང་གིས་“རྒྱ་ནག་གི་ལུང་པར་སུས་བསམ་བཞིན་དུ་ཁོང་ཁྲོ་སློང་བའི་བྱ་སྤྱོད་སྤེལ་ན། བརྡ་ལན་གསལ་པོ་སྤྲད་རྒྱུ་ཡིན་”ཞེས་ཨ་རིའི་གྲུ་གཟིངས་དེ་རྗེས་དེད་བྱས་ནས་ཉེན་བརྡ་བཏང་ཡོད་ཚུལ་འགྲེལ་བརྗོད་བྱས་འདུག

ཨ་རི་གཞུང་གིས་བཀོལ་སྤྱོད་དེར་ཁས་ལེན་བྱས་ཏེ། ཁོ་ཚོས་མཚོ་འགྲུའི་རང་དབང་ལོངས་སུ་སྤྱད་པ་ཡིན་པ་དང་། རྒྱུན་ལྡན་ནས་ལྷོ་རྒྱ་ནག་རྒྱ་མཚོར་རྒྱལ་སྤྱིའི་ཁྲིམས་མཐུན་ངང་བཀོལ་སྤྱོད་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

ལྷོ་རྒྱ་ནག་མཚོའི་བདག་དབང་ཐོག་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཝེ་ཏི་ནམ། རྒྱ་ནག ཧྥི་ལིི་ཕིན་སོགས་ཀྱིས་རྩོད་ལེན་བྱེད་ཀྱི་ཡོད་པ་དང། དེ་བཞིན་རྒྱ་མཚོ་དེར་གླིང་ཕྲན་གཉིས་ཡོད་པས། དེ་གཉིས་ཐོག་ལ་ཡང་ལོ་རྒྱུས་ཀྱི་དཔང་པོའི་འོག བདག་དབང་ལ་རྩོད་རྙོག་ཡོང་གི་ཡོད་པ་རེད།

ཕྱི་ལོ་༢༠༡༣ ནས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གཏིང་ནས་རྡོ་དང་བྱེ་མ་སོགས་ཕྱིར་འདོན་གྱི་ལས་གཞི་བརྩམས་ཏེ། གླིང་ཕྲན་ཞིག་བཟོ་འགོ་ཚུགས་པ་རེད།ཨ་རིས་གླིང་ཕྲན་དེ་དམག་འཐབ་ཀྱི་རྟེན་གཞི་ཡིན་པར་དོགས་པ་བྱེད་ཀྱི་ཡོད་ཀྱང། རྒྱ་ནག་ནས་དོགས་པ་དེར་ངོས་ལེན་བྱེད་ཀྱི་མེད་པ་རེད།

རྒྱ་ནག་གཞུང་གིས་ཐེངས་འདིའི་ཨ་རིའི་བྱ་སྤྱོད་དེས་རྒྱ་ནག་གི་བདག་དབང་རྩིས་མེད་དང་བདེ་འཇགས་ལ་ཉེན་ཁ་བཟོས་པར་ངོས་འཛིན་ཡོད་སྐོར་འགྲེལ་བརྗོད་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།