རྒྱ་ནག་གིས་ཨ་རྒྱའི་འབྲེལ་ལམ་ལ་“རེ་བའི་སྒེའུ་ཁུང་གསར་པ་ཞིག་”འབྱེད་བཞིན་ཡོད་ཟེར།
ཨ་རིའི་སྲིད་འཛིན་ཊོམ་གྱི་ལས་ཡུན་རྫོགས་ནས་བདམས་ཐོན་སྲིད་འཛིན་བྷ་ཌན་གྱི་སྲིད་གཞུང་དངོས་སུ་འགོ་འཛུགས་པའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་རྒྱའི་འབྲེལ་ལམ་ལ་“རེ་བའི་སྒེའུ་ཁུང་གསར་པ་ཞིག་”འབྱེད་བཞིན་ཡོད་ཅེས་བཤད་དེ། བདམས་ཐོན་སྲིད་འཛིན་བྷ་ཌན་གྱིས་“སྔར་རྒྱུན་གྱི་འབྲེལ་བ་བསྐྱར་གསོ་”བྱེད་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག
རྒྱ་ནག་གི་གཞུང་འབྲེལ་གསར་ཁང་(CGTN) ནས་ཉིན་ཤས་སྔོན་དུ་ཕྱི་སྲིད་བློན་ཆེན་ཝང་ཡི་(Wang Yi) ལ་བཅར་འདྲི་ཞིག་བྱས་པའི་ནང་། ཕྱི་སྲིད་བློན་ཆེན་གྱིས་“ཨ་རྒྱའི་འབྲེལ་ལམ་དེ་དཀྱོགས་མཚམས་གསར་པ་ཞིག་ལ་བསླེབས་ཡོད་ལ། རེ་བའི་སྒེའུ་ཁུང་གསར་པ་ཞིག་འབྱེད་བཞིན་ཡོད”ཅེས་བཤད་པའི་ཁར། “ང་ཚོས་ཨ་རིའི་སྲིད་གཞུང་རྗེས་མ་རྒྱུ་མཚན་ལྡན་པའི་ཐབས་བྱུས་ལ་ཕྱིར་ལོག་གིས། རྒྱ་ནག་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་དང། ཕྱོགས་གཉིས་ཀྱི་སྔར་རྒྱུན་གྱི་འབྲེལ་བ་སླར་གསོ། མཉམ་འབྲེལ་བསྐྱར་འཛུགས་བཅས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་”ཅེས་བསྣན་འདུག
ཊོམ་སྲིད་གཞུང་གིས་འདས་པའི་ལོ་ངོ་བཞིའི་ནང་རྒྱ་ནག་དམར་ཤོག་རྒྱལ་ཁབ་ལ་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་ནང་དུ་འབྱུང་མྱོང་མེད་པའི་སྲིད་བྱུས་མཁྲེགས་པོ་བཟུང་ཡོད་དེ། ༢༠༡༨ ལོར་ཊོམ་གྱིས་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་མཐོན་པོ་བཞག་པར་བརྟེན། ཨ་རྒྱ་གཉིས་ཀྱི་བར་དུ་ཚོང་དམག་ཤུགས་ཆེན་འཁྲུགས་པ་དང་། དེ་ནས་༢༠༢༠ ལོར་ཊོམ་སྲིད་གཞུང་ནས་ཧོང་ཀོང་གི་རང་སྲིད་རང་སྐྱོང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་ཉེས་ཆད་བཏང་བ་མ་ཟད། ཟླ་སྔོན་མའི་ཟླ་སྨད་དུ་རྒྱ་ནག་གི་ངོ་རྒོལ་ཤུགས་ཆེན་ཡོད་མིན་ལ་མ་བལྟོས་པར་ “༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་”ལ་མཚན་རྟགས་བཀོད་དེ་དངོས་སུ་ཨ་རིའི་ཁྲིམས་ལ་གཏན་འབེབས་གནང་ཡོད།
བདམས་ཐོན་སྲིད་འཛིན་བྷ་ཌན་ལ་སྐྱོན་བརྗོད་བྱེད་མཁན་ཚོས། ཁོང་དང་ཁོང་གི་ནང་མི་རྣམས་རྒྱ་ནག་དམར་ཤོག་ཚོགས་པ་དང་ཚོང་འབྲེལ་དམ་ཟབ་ཡོད་མཁན་ཞིག་ཡིན་པས། ཁོང་གི་སྲིད་གཞུང་གིས་ཚོང་འབྲེལ་གཙོ་བོར་བཟུང་ནས་རྒྱ་ནག་དང་འབྲེལ་ལམ་ལེགས་སུ་གཏོང་སྲིད་པའི་ཚོད་དཔག་དང་སེམས་ཁྲལ་བྱེད་ཀྱི་ཡོད། ཡིན་ན་ཡང་། སྲིད་འཛིན་གྱི་འོས་བསྡུའི་ལས་འགུལ་སྐབས། བྷ་ཌན་གྱིས་ཞི་ཅིང་ཕིང་ལ་“ཇག་དཔོན་”ཞེས་བོས་ཏེ་རྒྱ་ནག་སྲིད་གཞུང་ལ་སྐྱོན་བརྗོད་བྱས་པ་མ་ཟད། གལ་སྲིད་ཁོང་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་ཡིན་ན། བོད་ཀྱི་དབུ་ཁྲིད་༧ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་བ་དང་། བོད་ཀྱི་གནད་དོན་ལ་རྟོག་ཞིབ་བྱེད་མཁན་གྱི་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག རྒྱ་ནག་གཞུང་ལ་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ་རྣམས་བོད་དུ་འགྲོ་རུ་འཇུག་རྒྱུའི་ནན་སྐུལ་སོགས་གནང་རྒྱུ་ཡིན་སྐོར་གསུངས་ཡོད།
སྐུ་ཞབས་བྷ་ཌན་གྱིས་ཟླ་འདིའི་ཚེས་༢༠ ཉིན་སྲིད་འཛིན་དམ་འབུལ་གནང་གཏན་འཁེལ་ཡོད་པ་དང་། འཛམ་གླིང་ཁྱོན་གྱིས་དོ་ཁུར་ཆེན་པོས་ཁོང་གི་སྲིད་གཞུང་གསར་པས་རྒྱ་ནག་གི་ཕྱོགས་སུ་སྲིད་བྱུས་ཅི་འདྲ་ཞིག་འཛིན་རྒྱུ་ཡིན་པ་མཐོང་རྒྱུར་བསྒུགས་ནས་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།