རྒྱ་ནག་ཏུ་ཁང་སྟོང་ས་ཡ་༧.༢ ་ཉོ་མཁན་མེད་པར་ལུས་ཡོད་འདུག
ཟླ་འདིའི་ཚེས་༢༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནི་འཛམ་གླིང་ཐོག་མི་འབོར་མང་ཤོས་གཉིས་པའི་རྒྱལ་ཁབ་ཅིག་ཆགས་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་ནག་ཏུ་མི་གྲངས་ཐེར་འབུམ་གསུམ་ཤོང་པའི་ཁང་སྟོང་མང་པོ་ཉོ་མཁན་མེད་པར་ལུས་ཡོད་པའི་གནས་ཚུལ་སྤེལ་འདུག

རྒྱ་ནག་ལ་མི་འབོར་ཐེར་འབུམ་༡.༤ ཡོད་ཅིང་། འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་པ་དེ་ཆགས་ཀྱི་ཡོད་ཀྱང་། རྒྱ་ནག་གི་ས་ཁུལ་གང་སར་ཁང་སྟོང་ཁྲི་འབུམ་མང་པོ་ཉོ་མཁན་མེད་པར་བེད་མེད་དུ་ལྷག་བཞིན་ཡོད་འདུག
རྒྱ་ནག་གི་གྲངས་བརྩིས་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཟུར་པ་ཧེ་ཁེན་(He Keng) ཡིས་བརྗོད་གསལ་ལྟར་ན། ཆེད་ལས་མཁས་པ་མི་འདྲ་བས་རྒྱ་ནག་ནང་ཁང་སྟོང་གི་གྲངས་ཐོ་མི་འདྲ་བ་རེ་སྤྲད་ཀྱི་ཡོད་ཀྱང་། སྐད་ཆ་ཐལ་ཆེ་ཙམ་བཤད་ན་རྒྱ་ནག་གི་ཁང་སྟོང་དེ་དག་གི་ནང་མི་འབོར་ཐེར་འབུམ་༣ ཤོང་ཐུབ་ཀྱི་རེད་ཅེས་བརྗོད་ཡོད་འདུག
རྒྱ་ནག་གི་བསྡོམས་རྩིས་ལས་ཁུངས་ཀྱི་གྲངས་གཞི་གཞིར་བཟུང་ན། ཕྱི་ལོ་༢༠༢༣ ལོའི་ཟླ་༨པའི་ཟླ་མཇུག་བར་ཁང་པ་བཙོངས་མེད་པའི་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ་ས་ཡ་༦༤༨ ཟིན་ཞིང་། ཁང་པ་རེར་ཆ་སྙོམས་སྨི་ངོས་གྲུ་བཞི་མ་༩༠ རེ་ཡོད་པ་རྩིས་བརྒྱབ་ན། རྒྱ་ནག་ནང་བཙོང་རྒྱུ་ལྷག་ཡོད་པའི་ཁང་སྟོང་གྲངས་ས་ཡ་༧.༢ ཟིན་གྱི་ཡོད་འདུག
ལྷག་པར་དུ་ཕྱི་ལོ་༢༠༡༦ ནས་བཟུང་། རྒྱ་ནག་ནང་མི་སྟོང་ཕྲག་མང་པོས་ཁང་པ་ཉོས་ཡོད་ཀྱང་ཁང་པའི་འཛུགས་སྐྲུན་གྱི་ལས་གཞི་ཁག་ཅིག་ད་དུང་ཡང་ཚར་མེད་པ་རེད་འདུག་ལ། ཉོས་ཟིན་པའི་ཁང་སྟོང་དེ་དག་ནི་གོང་གི་གྲངས་ཐོའི་ནང་ཚུད་མེེད་པ་རེད་འདུག
འདས་པའི་ལོ་མང་རིང་ཁང་ཚོང་གི་ལས་གཞི་དེ་ནི་རྒྱ་ནག་གི་དཔལ་འབྱོར་གྱི་ཀ་བ་ལྟ་བུ་གྱུར་ཡོད་ཀྱང་། ད་ལྟའི་ཆར་དཀའ་ངལ་ཆེ་ཤོས་འཕྲད་ས་ཞིག་ཏུ་འགྱུར་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ་བློ་བཟང་རྒྱ་མཚོ།
