རྒྱ་ནག་ཏུ་ཆུ་ལོག་ཚབས་ཆེན་བྱུང་ནས་མི་མང་ས་ཡ་མང་པོར་གནོད་འཚེ་ཐེབས་ཡོད་འདུག
རྒྱ་ནག་གི་ཧེ་ནན་ཞིང་ཆེན་(Henan province) དུ་རྒྱུན་ལྡན་མ་ཡིན་པའི་དྲག་ཆར་ཤུགས་ཆེན་བབས་ནས་ཆུ་རགས་དང་། མེ་འཁོར་འབབ་ཚུགས། རྒྱ་ལམ་སོགས་ཆུ་ནང་དུ་ནུབ་ནས་མ་མཐར་ཡང་མི་༡༢ ཀྱི་ཚེ་སྲོག་ཤོར་བའི་ཁར། མི་མང་ས་ཡ་མང་པོའི་འཚོ་གནས་ལ་གནོད་འཚེ་ཐེབས་ཡོད་འདུག
ཁ་སང་རེས་གཟའ་མིག་དམར་ཉིན་རྒྱ་ནག་དབུས་ཀྱི་ཧེ་ནན་ཞིང་ཆེན་གྱི་ཧྲན་ཏྲོ་གྲོང་ཁྱེར་དུ་(Zhengzhou) དྲག་ཆར་ཤུགས་ཆེན་བབས་ནས་ས་འོག་མེ་འཁོར་འབབ་ཚུགས་དང་། སྲང་ལམ་རྣམས་ཆུས་བསྣུབས་ནས་མི་༡༢ ཀྱི་ཚེ་སྲོག་ཤོར་བ་མ་ཟད། མི་མང་སྟོང་ཕྲག་མང་པོའི་འཚོ་གནས་ལ་གནོན་སྐྱོན་ཕོག་སྟེ་དཀའ་ངལ་ཚབས་ཆེན་འཕྲད་བཞིན་ཡོད་འདུག
སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྒྱུད་སྐུར་བྱེད་བཞིན་པའི་འདྲ་པར་དང་བརྙན་ཐུང་ནང་དུ། ལམ་ཆེན་དང་མེ་འཁོར་འབབ་ཚུགས་རྣམས་ཡོངས་སུ་ཆུ་ལོག་གིས་བསྣུབས་ནས་རླངས་འཁོར་དང་ཅ་དངོས་གཞན་རྣམས་ཆུས་འཁུར་བཞིན་པ་དང་། མེ་འཁོར་ནང་དུ་ཆུས་གང་ནས་འགྲུལ་པ་རྣམས་བཀག་པའི་གནས་སྟངས་འཇིགས་སུ་རུང་བ་བསྟན་འདུག
སྤྱི་ཡོངས་ནས་བཤད་ན། ཆར་དུས་སྐབས་སུ་རྒྱ་ནག་ལ་ཆུ་ལོག་འབྱུང་བ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་ཡང་། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཐོག རྒྱ་ནག་གིས་དཔལ་འབྱོར་འཕེལ་རྒྱས་ཁོ་ནར་དམིགས་ནས་གཞི་རྒྱ་ཆེ་བའི་གཏེར་ཁ་སྔོག་འདོན་དང་། ཤིང་ནགས་གཅོདའབྲེག བཟོ་གྲྭ་གསར་འཛུགས་སོགས་ཁོར་ཡུག་དང་གནམ་གཤིས་ལ་གནོད་སྐྱོན་ཆེ་བའི་ལས་ཀ་མང་པོ་ཞིག་བྱས་དང་བྱེད་བཞིན་ཡོད་པར་བརྟེན། འདས་པའི་ལོ་ངོ་བཅུ་ཕྲག་ནང་དུ་ཆུ་ལོག་གི་གནོད་སྐྱོན་ལོ་རེ་ནས་ལོ་རེར་ཇེ་ཆེར་འགྱུར་བཞིན་ཡོད་འདུག
ཧྲན་ཏྲོ་གྲོང་ཁྱེར་ཆུ་ལོག་དོ་དམ་ལས་ཁུངས་(flood control headquarters) ནས་གྲོང་ཁྱེར་དེའི་ཉེ་འཁོར་གྱི་ཆུ་མཛོད་ཆེན་པོ་ཞིག་ཆུས་འཇིག་ལ་ཉེ་བའི་ཉེན་བརྡ་བཏང་འདུག་པ་དང་། ས་གནས་སྲིད་གཞུང་གིས་མི་མང་རྣམས་བདེ་འཇགས་ཀྱི་ས་ཁུལ་དུ་གནས་སྤོ་བྱེད་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་འདུག
རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གོ་ལ་དུས་བབ་(Global Times)ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་“ཆུ་ལོག་གིས་ས་ཞིང་ཧེག་ཐྲོག་(hectares) ༩,༢༢༢ ལྷག་གཏོར་སྐྱོན་བཏང་ནས་ཨ་སྒོར་ས་ཡ་༡༡.༣ ཙམ་གྱི་གྱོང་གུན་ཕོག་ཡོད་”འདུག་པ་མ་ཟད། རྒྱ་ནག་གི་གནམ་གཤིས་སྔོན་བརྡ་ཁག་ནས་དྲག་ཆར་མུ་མཐུད་འབབ་རྒྱུའི་སྔོན་བརྡ་བཏང་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
