རྒྱ་ནག་ཐོག་མི་མཐུན་པ་ཡོད་བཞིན་དུ་འགོ་ཁྲིད་གཉིས་བར་ཐུག་འཕྲད་བྱས་འདུག 

ཁྱིམ་མཚེས་རྒྱལ་ཁབ་ཨོ་སི་ཀྲོ་ལི་ཡ་དང་ནིའུ་ཛི་ལན་ཌ་གཉིས་བར། རྒྱ་ནག་ཐོག་གི་སྲིད་བྱུས་དང་འབྲེལ་བ་བྱེད་སྟངས་ཐད་ལྟ་ཚུལ་མི་འདྲ་བ་ཡོད་ཀྱང་། ཕྱོགས་གཉིས་ཀྱི་འགོ་ཁྲིད་བར་ཐུག་འཕྲད་ཀྱིས་གནད་དོན་དེའི་ཐོག་གྲོས་མོལ་བྱེད་རྒྱུ་ཡིན་འདུག 

ཟླ་༥ པའི་ཚེས་༣༠ ཉིན་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་སཱེ་ཁོ་ཌ་མཱོ་རི་སོན་ནིའུ་ཛི་ལན་ཌར་འབྱོར་ནས། རྒྱལ་ཁབ་དེའི་སྲིད་བློན་ལྕམ་ཇཱ་སིན་ཌ་ཨར་ཌན་དང་ཐུག་འཕྲད་བྱས་འདུག དེ་ནི་ཕྱོགས་གཉིས་བར་ཟླ་བ་༡༥ ཡི་ནང་ཐེངས་དང་པོར་དངོས་སུ་ཐུག་འཕྲད་བྱུང་བ་ཡིན་འདུག 

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཕྱོགས་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཁར། ཕྱོགས་གཉིས་ཀའི་ཚོང་རོགས་ཆེ་ཤོས་ནི་རྒྱ་ནག་ཡིན་ཡང་། ལོ་སྔོན་མ་ནས་བཟུང་ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་གི་འབྲེལ་ལམ་ཚད་གཞི་དམའ་རུ་སོང་ནས། འགལ་ཟླ་ཆེ་རུ་འགྲོ་བཞིན་ཡོད་ཀྱང་། ནིའུ་ཛི་ལན་ཌ་དང་རྒྱ་ནག་གི་འབྲེལ་ལམ་ལ་འགལ་ཟླ་རིགས་མངོན་གྱི་མེད་ཁར། ཉེ་ཆར་ནིའུ་ཛི་ལན་ཌ་ཡིས་རྒྱ་ནག་ལ་རྒྱབ་སྐྱོར་གྱི་རྣམ་པ་ཡང་བསྟན་ཡོད་པས། ཐེངས་འདིར་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་བར་ཐུག་འཕྲད་ཀྱིས། གྲོས་མོལ་གྱི་གནད་དོན་གཙོ་བོ་ནི་མངའ་ཁུལ་དེར་རྒྱ་ནག་གི་ཤུགས་རྐྱེན་དང་ཐེ་བྱུས་ཆེ་རུ་འགྲོ་བཞིན་པའི་སྐོར་ཡིན་སྐོར་བརྗོད་ཀྱི་འདུག 

དེ་སྔོན་ནིའུ་ཛི་ལན་ཌའི་ཚོང་འབྲེལ་བློན་ཆེན་གྱིས་ཨོ་སི་ཀྲོ་ལི་ཡ་གཞུང་ལ་རྒྱ་ནག་ནས་གུས་བརྩི་ཐོབ་ཆེད་དུ། ཐོག་མར་ཕར་རྒྱ་ནག་ལ་གུས་བརྩི་ཆེ་ཙམ་བྱེད་དགོས་སྐོར་བརྗོད་ཡོད་པ་རེད་འདུག དེ་བཞིན་ནིའུ་ཛི་ལན་ཌ་དང་ཨོ་སི་ཀྲོ་ལི་ཡ། ཨ་རི། དབྱིན་ཡུལ། ཁེ་ན་ཌ་བཅས་ཡོད་པའི་གསང་བའི་གནས་ཚུལ་མཁོ་སྒྲུབ་ཀྱི་ཚོགས་པའི་ལས་དོན་རྒྱ་སྐྱེད་ལ། ནིའུ་ཛི་ལན་ཌ་ཡིས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་པས། དཔྱད་བརྗོད་ཚོས་ཚོགས་པ་དེའི་ཚོགས་མི་ཚོས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་བཞིན་པ་དེར་ནིའི་ཛི་ལན་ཌ་ཡིས་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག 

དཔྱད་བརྗོད་པ་ཁག་ཅིག་གིས། ཨོ་སི་ཀྲོ་ལི་ཡ་ཐོག་ཏུ་རྒྱ་ནག་གི་གནོན་ཤུགས་ཆེན་པོ་ཡོད་ཀྱང་། ནིའུ་ཛི་ལན་ཌ་ཐོག་ཏུ་རྒྱ་ནག་གི་གནོན་ཤུགས་དེ་ཙམ་ཆེན་པོ་མེད་པས། རྒྱ་ནག་ལ་འབྲེལ་བ་བྱེད་ཕྱོགས་ཀྱང་འཇམ་པོ་ཡོད་པ་དང་ཡོངས་གྲགས་སུ་ཨོ་སི་ཀྲོ་ལི་ཡར་རྒྱ་ནག་དང་འབྲེལ་བ་བྱེད་ཕྱོགས་འཇམ་དུ་གཏོང་དགོས་སྐོར་བརྗོད་སྲིད་སྐོར་དང་། ཨོ་སི་ཀྲོ་ལི་ཡ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་ཁྱིམ་མཚེས་རྒྱལ་ཁབ་གཉིས་བར་འགལ་ཟླ་ཆགས་འདོད་བྱེད་ཀྱི་མེད་སྐོར་བརྗོད་འདུག 

གང་ལྟར་ཕྱོགས་གཉིས་བར་རྒྱ་ནག་ཐོག་མི་མཐུན་ཡོད་ཀྱང་། གྲོས་མོལ་གྱི་སྔོན་དུ་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཚོས་ཕན་ཚུན་གྱི་འབྲེལ་བར་བསྔགས་བརྗོད་བྱས་ཡོད་འདུག་པ་དང་། རྒྱ་ནག་དང་ཨོ་སི་ཀྲོ་ལི་ཡ་བར་འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་སུ་ཁ་མཆུ་ཐུག་ཡོད་པས། དེའི་ཐོག་ནིའུ་ཛི་ལན་ཌ་ཡིས་ཨོ་སི་ཀྲོ་ལི་ཡར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།