རྒྱ་ནག་དང་པ་ན་མ་གཉིས་ཀྱི་མཛའ་བརྩེ་མཚོན་པའི་དྲན་རྟེན་རྣམས་གཏོར་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་པ་ན་མས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་ཆེ་རུ་གཏོང་བཞིན་པ་དང་། པ་ན་མ་མཚོ་ལམ་དེ་ཨ་རིས་བཟོས་ཀྱང་རྒྱ་ནག་གིས་དབང་བསྒྱུར་བྱེད་ཀྱི་ཡོད་ཚུལ་བརྗོད་ནས། པ་ན་མ་རྒྱལ་ཁབ་ལ་ཉེན་བརྡ་དང་རྒྱ་ནག་གི་ཤུགས་རྐྱེན་པ་ན་མ་མཚོ་ལམ་ཐོག་ཏུ་ཡོང་ཆོག་གི་མེད་ཅེས་བརྗོད་པའི་རྐྱེན་གྱིས་ཁ་སང་པ་ན་མ་དང་རྒྱ་ནག་གཉིས་ཕྱི་ལོ་༢༠༠༤ ལོར་མཛའ་བརྩེ་མཚོན་ཆེད་ཀྱི་རྡོའི་སེང་གེ་ཞིག་དང་རྡོ་རིང་། སྒོ་ཆེན་བཅས་བཟོས་པ་དག་གཏོར་ཡོད་འདུག་པས། རྒྱ་ནག་ཁོང་ཁྲོ་ཆེན་པོ་ལངས་ཡོད་འདུག

ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༣༠ ཉིན་(AP)གསར་ཁང་གིས་གནས་ཚུལ་སྤེལ་དོན། ཁ་སང་གཟའ་ཟླ་བའི་ཉིན་པ་ན་མ་རྒྱལ་ཁབ་ནང་རྒྱ་ནག་གིས་ཕྱི་ལོ་༢༠༠༤ ལོར་བཟོས་པའི་རྒྱ་ནག་དང་པ་ན་མ་གཉིས་བར་གྱི་མཛའ་བརྩེ་མཚོན་ཆེད་དུ་བཟོས་པའི་རྡོའི་སེང་གེ་དང་། སྒོ་ཆེན། རྡོ་རིང་བཅས་པ་ན་མ་ས་གནས་གཞུང་གིས་གཏོར་ཡོད་པ་དང་། དེ་གཏོར་དགོས་དོན་ནི་མི་མང་ལ་བདེ་འཇགས་མེད་ཚུལ་བརྗོད་ཡོད་ཀྱང་། དོན་དངོས་ཐོག་ཨ་རིའི་སྲིད་འཛིན་ཊོམ་གྱིས་པ་ན་མའི་མཚོ་ལམ་དེར་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་སླེབས་ཀྱི་ཡོད་ཚུལ་བརྗོད་ནས་ཨ་རིས་ཚུར་པ་ན་མའི་ས་ནས་ལེན་རྒྱུ་ཡིན་ཚུལ་བརྗོད་པའི་རྐྱེན་གྱིས་གཏོར་དགོས་བྱུང་ཡོད་འདུག རྡོ་རིང་དང་རྡོའི་སེང་གེ། སྒོ་ཆེན་རྣམས་པ་ན་མའི་མཚོ་ལམ་འགྲམ་དུ་ཡོད་འདུག་ཅིང་། དེ་དག་གིས་འདས་པའི་མི་ལོ་༡༥༠ ཙམ་རིང་རྒྱ་རིགས་སྟོང་ཚོ་མང་པོ་པ་ན་མ་རྒྱལ་ཁབ་ནང་གནས་སྡོད་བྱས་ནས་པ་ན་མ་རྒྱལ་ཁབ་ཀྱི་མེ་འཁོར་ལྕགས་ལམ་དང་། གྲུ་གཟིངས་འབབ་ཚུགས། གཞུང་ལམ་སོགས་གསར་རྒྱག་ཆེད་དུ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས། པ་ན་མ་དང་རྒྱ་ནག་གཉིས་བར་གྱི་མཛའ་བརྩེ་མཚོན་ཆེད་དུ་ཡིན་པ་བརྗོད་ཀྱི་ཡོད་འདུག་ཀྱང་། ཁ་སང་ས་བརྐོ་འཕྲུལ་འཁོར་ཞིག་གིས་ཡོངས་རྫོགས་གཏོར་ཡོད་འདུག
གནད་དོན་དེར་པ་ན་མ་རྒྱལ་ཁབ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་སྐྱོན་བརྗོད་ཆེན་པོ་བྱས་ཡོད་འདུག་ལ། སྐྱོན་བརྗོད་ནང་དྲན་རྟེན་གྱི་རྡོ་རིང་དེ་དག་གིས་འདས་པའི་མི་ལོ་༡༧༡ ཙམ་རིང་རྒྱ་རིགས་སྤྱི་ཚོགས་ཀྱིས་པ་ན་མའི་མི་མང་ལ་ཕུལ་བའི་ལེགས་སྐྱེས་དེ་གཏོར་སོང་ཞེས་བརྗོད་འདུག པ་ན་མ་ས་གནས་གཞུང་གིས་བརྗོད་དོན་ལ། རྡོ་རིང་དང་སེང་གེ། སྒོ་ཆེན་དེ་དག་བཟོ་བཀོད་བརྟན་པོ་མེད་པས། མ་གཏོར་ན་མི་མང་གི་བདེ་འཇགས་ཐད་ཉེན་ཁ་ཡོད་ཚུལ་བརྗོད་ཡོད་འདུག དྲན་རྟེན་རྡོ་རིང་དེ་དག་གཏོར་སྐབས་རྒྱ་རིགས་མང་པོ་ཞིག་ཡོང་ནས་ངོ་རྒོལ་བྱེད་བཞིན་པའི་བརྙན་རིས་དྲ་ལམ་ཁག་ནང་མཐོང་རྒྱུ་འདུག་ལ། དྲ་ཐོག་ཏུ་རྒྱ་རིགས་མང་པོ་ཞིག་གིས་ངོ་རྒོལ་དང་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་འདུག
ཐེངས་འདིའི་གནད་དོན་དེ་ཐུག་ས་གཙོ་བོ་པ་ན་མ་མཚོ་ལམ་དེ་ཆགས་ཀྱི་ཡོད་འདུག་ཅིང་། མཚོ་ལམ་དེའི་བརྒྱུད་ནས་རྒྱལ་སྤྱིའི་ཚོང་འབྲེལ་ཆེན་པོ་ཡོང་གི་ཡོད་འདུག་པ་དང་། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཁོངས་ནས་ཤུགས་རྐྱེན་ཆེན་པོ་སླེབས་ནས་ཨ་རིའི་གཞུང་དང་པ་ན་མ་རྒྱལ་ཁབ་གཉིས་བར་མི་མཐུན་པའི་འགལ་ཟླ་ཆེན་པོ་སླེབས་པའི་རྐྱེན་གྱིས་གནད་དོན་དེ་ཡོང་གི་ཡོད་འདུག
པ་ན་མ་མཚོ་ལམ་དེ་ཐོག་མར་ཧྥ་རན་སི་ཡིས་ཕྱི་ལོ་༡༨༨༡ ལོར་བཟོ་རྒྱུའི་འགོ་འཛུགས་བྱས་ཏེ་ལོ་བརྒྱད་ཙམ་རིང་བཟོས་ཡོད་འདུག་ཀྱང་། ལམ་ལྷོང་མ་བྱུང་བས་བཟོ་ཐུབ་ཡོད་མི་འདུག ཕྱིས་སུ་ཕྱི་ལོ་༡༩༠༤ ལོར་ཨ་རིས་བཟོ་འགོ་བཙུགས་ནས་མཐར་ཕྱི་ལོ་༡༩༡༤ ལོར་ཡོངས་སུ་ལེགས་གྲུབ་བྱུང་ཞིང་། ཕྱི་ལོ་༡༩༧༧ བར་ཨ་རིའི་འཛིན་སྐྱོང་འོག་ཡོད་འདུག་ཀྱང་། རྗེས་སུ་ཨ་རིའི་སྲིད་འཛིན་ཇི་མི་ཁར་ཊར་ (JIMMY CARTER)གྱིས་པ་ན་མ་རྒྱལ་ཁབ་དང་ཨ་རི་གཉིས་བར་གྲོས་མཐུན་བཞག་ནས་ཕྱིར་པ་ན་མ་རྒྱལ་ཁབ་ལ་སྤྲད་ཡོད་འདུག་པ་དང་། ཕྱི་ལོ་༡༩༩༩ ནས་བཟུང་པ་ན་མ་མཚོ་ལམ་དེ་པ་ན་མ་རྒྱལ་ཁབ་ལ་ཡོངས་སུ་དབང་གི་ཡོད་འདུག་ཅིང་། པ་ན་མ་རྒྱལ་ཁབ་ཀྱི་འཛིན་སྐྱོང་འོག་ད་བར་བཀོལ་སྤྱོད་བྱེད་ཀྱི་ཡོད་འདུག་ཀྱང་། ཊོམ་གྱིས་ད་ཆར་མཚོ་ལམ་དེ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཁོངས་གཏོགས་ནས་མ་རྩ་ཕོན་ཆེན་འཛུགས་ཀྱི་ཡོད་ཅིང་། བདག་དབང་ཐད་རྒྱ་ནག་གིས་ཐེ་གཏོགས་ཤུགས་ཆེན་པོ་བྱེད་ཀྱི་ཡོད་ཚུལ་བརྗོད་ནས་ཨ་རིར་ཕྱིར་དགོས་ཀྱི་ཡོད་པར་བརྗོད། ཨ་རི་དང་པ་ན་མ་རྒྱལ་ཁབ་གཉིས་བར་གྲོས་མཐུན་འཇོག་དུས་མཚོ་ལམ་དེ་གཏན་དུ་པ་ན་མ་ལ་དབང་བ་བརྗོད་ཡོད་པ་དང་། གལ་སྲིད་རྒྱལ་ཁབ་གཞན་སུས་མཚོ་ལམ་དེ་ལ་ཉེན་ཁ་བཟོས་ཚེ་ཨ་རིའི་ངོས་ནས་སྲུང་སྐྱོབ་བྱེད་རྒྱུ་ཡིན་པར་འཁོད་ཡོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།
