རྒྱ་ནག་དང་ཨུ་རུ་སུ། ཨི་རན་བཅས་ཀྱི་དྲ་ཐོག་འཇབ་རྒོལ་པས་ཨ་རིའི་འོས་བསྡུ་དམིགས་འབེན་དུ་འཛིན་བཞིན་ཡོད་འདུག 

ཨ་རིའི་འོས་བསྡུ་ལས་རིམ་འགྲོ་བཞིན་པ་དང་བསྟུན། ཨ་རིའི་འཕྲུལ་རིག་ཚོང་ལས་ཁང་དང་གསང་བའི་ལས་ཁུངས་ཚོས། རྒྱ་ནག་དང་ཨུ་རུ་སུ། ཨི་རན་བཅས་ནས་སྲིད་འཛིན་འོས་མི་དང་འབྲེལ་བའི་ཚོགས་སྒེར་ཚོར་དྲ་ཐོག་ནས་འཇབ་རྒོལ་བྱེད་ཐབས་བྱེད་བཞིན་ཡོད་པའི་གནས་ཚུལ་ཡོངས་གྲགས་བཟོས་འདུག 

ཟླ་༩ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་འཕྲུལ་རིག་ཚོང་ལས་ཁང་ཆེ་གྲས་(Microsoft) ཡིས། ཨ་རིའི་སྲིད་འཛིན་འོས་བསྡུ་ལས་རིམ་འགྲོ་བཞིན་པའི་སྐབས་དེར། ཕྱིའི་རྒྱལ་ཁབ་ཁག་ཅིག་གི་རུ་ཁག་གིས། འོས་བསྡུར་དམིགས་འབེན་བཟུང་ནས་དྲ་ཐོག་འཇབ་རྒོལ་གྱི་ལས་འགུལ་ཤུགས་ཆེ་རུ་བཏང་ཡོད་པ་གསལ་པོ་ངོས་འཛིན་ཐུབ་ཡོད་སྐོར་བསྒྲགས་འདུག དེ་སྔོན་ཟླ་༨ པའི་ནང་ཨ་རིའི་གསང་བའི་ལས་ཁུངས་ཚོས་ཀྱང་རྒྱ་ནག་དང་ཨུ་རུ་སུ། ཨི་རན་བཅས་ནས་ཨ་རིའི་འོས་བསྡུ་ནང་ཐེ་ཇུས་བྱེད་ཐབས་བྱེད་ཀྱི་ཡོད་སྐོར་བསྒྲགས་ཡོད་འདུག་པས། སྐད་ཆ་དེ་གཉིས་མཐུན་ཡོད་འདུག

ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ནང་དུ། དེ་སྔོན་ཕྱི་ལོ་༢༠༡༦ ལོར་ཨ་རིའི་མང་གཙོ་ཚོགས་པར་དྲ་ཐོག་ནས་འཇབ་རྒོལ་བྱེད་མཁན་ཨུ་རུ་སུའི་དྲ་ཐོག་འཇབ་རྒོལ་རུ་ཁག་དེས། སླར་ཡང་དེ་སྔོན་ལྟར་སྲིད་འཛིན་འོས་མི་དང་དྲིལ་བསྒྲགས་ལས་འགུལ་གྱི་ལས་བྱེད་སོགས་ལ་དམིགས་འབེན་བཟུང་ནས། དེ་དག་གི་གློག་འཕྲིན་སོགས་ཀྱི་གསང་ཚིག་བརྐུ་ཐབས་བྱེད་ཀྱི་ཡོད་འདུག དེ་བཞིན་རྒྱ་ནག་ནས་ཡིན་པའི་དྲ་ཐོག་འཇབ་རྒོལ་རུ་ཁག་དེས། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་དང་འབྲེལ་ཡོད་ཚོ་ལ་དམིགས་འབེན་འཛིན་བཞིན་ཡོད་ཁར། དེ་སྔོན་ཊོམ་དང་འབྲེལ་བའི་གནད་ཡོད་མི་སྣ་གཅིག་དམིགས་འབེན་དུ་བཟུང་ཡོད་འདུག ཨི་རན་གྱི་རུ་ཁག་དེས་སྲིད་འཛིན་ཊོམ་དང་འབྲེལ་ཡོད་ཚོ་དམིགས་འབེན་དུ་འཛིན་བཞིན་ཡོད་འདུག་ཀྱང་། ད་ལྟའི་ཆར་ལས་འགུལ་དེ་དག་ལམ་ལྷོངས་བྱུང་མེད་སྐོར་འདུག 

དེ་བཞིན་རྒྱ་ནག་གི་རུ་ཁག་(Zirconium) ཞེས་པ་དེས་རྒྱལ་སྤྱིའི་ལས་དོན་ཚོགས་སྡེ་དང་། ཤེས་ཡོན་ལྟེ་གནས་ཁང་། སྲིད་བྱུས་ལྟེ་གནས་ཁང་སོགས་ལ་ཡང་དམིགས་འབེན་བྱས་ནས་དྲ་ཐོག་འཇབ་རྒོལ་བྱེད་ཐབས་བྱས་ཡོད་འདུག 

འཚོལ་ཞིབ་མ་ལག་དང་འཕྲུལ་རིག་ཚོང་ལས་ཁང་གྷུ་གྷལ་གྱིས་ཀྱང་ཟླ་༦ པའི་ནང་རྒྱ་ནག་དང་ཨི་རན་ནས་དྲ་ཐོག་འཇབ་རྒོལ་གྱི་ལས་དོན་སྤེལ་གྱི་ཡོད་པ་ར་འཕྲོད་བྱུང་སྐོར་བརྗོད་ཡོད་འདུག 

སྲིད་འཛིན་ཊོམ་གྱི་འོས་བསྡུ་དྲིལ་བསྒྲགས་ཚོགས་པས། ཚོགས་པ་དེ་ནི་དམིགས་འབེན་ཆེན་པོ་ཞིག་ཡིན་པས། ངན་སེམས་ཅན་གྱི་དྲ་ཐོག་འཇབ་རྒོལ་ལས་འགུལ་དེ་རིགས་སྤེལ་གྱི་ཡོད་པ་ཧང་སངས་རྒྱུ་མེད་སྐོར་བརྗོད་འདུག་པ་དང་། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་གྱི་འོས་བསྡུ་དྲིལ་བསྒྲགས་ཚོགས་པས། འོས་བསྡུ་ལས་རིམ་གྱི་མགོ་སྟོད་ནས་ཁོ་ཚོ་འཇབ་རྒོལ་གྱི་དམིགས་འབེན་ཆགས་རྒྱུ་ཡིན་པ་ཤེས་ཀྱི་ཡོད་པས། དེ་བསྟུན་གྱིས་གྲ་སྒྲིག་བྱས་ཡོད་སྐོར་བསྒྲགས་འདུག 

ཟླ་༨ པའི་ནང་ཨ་རིའི་གསང་བའི་ལས་ཁུངས་ཚོགས་སྡེ་ཡིས། རྒྱ་ནག་དང་ཨི་རན། ཨུ་རུ་སུ་བཅས་ནས་སླེབས་ལ་ཉེ་བའི་ཨ་རིའི་སྲིད་འཛིན་འོས་བསྡུར་ཐེ་ཇུས་བྱེད་ཐབས་བྱེད་བཞིན་ཡོད་པ་དང་། དཔྱད་ཞིབ་བྱས་པ་བརྒྱུད་ཨུ་རུ་སུས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་ནག་པོ་བཟོ་ཐབས་བྱེད་བཞིན་ཡོད་པ་དང་། ཨི་རན་དང་རྒྱ་ནག་གིས་སྲིད་འཛིན་ཊོམ་འོས་བསྡུ་ཤོར་བར་འདོད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག 

ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་ཕྱི་ལོ་༢༠༡༦ ལོར་ཨུ་རུ་སུ་གཞུང་གི་རྒྱབ་སྐྱོར་ཡོད་པའི་ཐོག་ནས། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧཱེ་ལ་རཱི་འོས་བསྡུ་ཤོར་ཆེད་དུ་དྲ་ཐོག་འཇབ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་མོས་མཐུན་ཐག་གཅོད་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།