རྒྱ་ནག་ནང་ཁྲིམས་རྩོད་པ་བཅུ་ཆ་གཅིག་བསད་ཡོད་འདུག
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས་ཀྱིས་སྙན་ཐོ་ཞིག་བཏོན་ཏེ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྐྱོ་རུ་སོང་ཡོད་སྐོར་འཁོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༩ ཉིན་སི་རུག་སི་(CRUX)གསར་ལམ་དུ་གནས་ཚུལ་སྤེལ་གསལ་ལ་གཞིགས་ན། ཟླ་འདིའི་ཕྱི་ཚེས་༦ རེས་གཟའ་པ་སངས་ཉིན་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་མོས་མཐུན་ཡོད་པའི་ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གི་ཐོག་ལ་ལྷན་ཚོགས་ཞིག་ཆེད་འཛུགས་བྱས་ཡོད་པ་དེས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་སྐོར་ལ་ལོ་འཁོར་སྙན་ཐོ་ཐེངས་༡༥པ་དེ་བཏོན་ཡོད་པ་དང་། དེའི་ནང་“ལོ་སྔོན་མར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་ཁྲིམས་རྩོད་པ་བཅུ་ཆ་གཅིག་བསད་ཡོད་པ་དང་། ཉེས་མེད་མི་སེར་གྱི་སྤྱི་ཚོགས་དང་ཆོས་སྡེ་ཁག་རྣམས་བཙིར་གནོན་བྱེད་པ། དེ་བཞིན་གསར་འགོད་གསལ་བསྒྲགས་དང་དྲ་རྒྱ་ཁག་ལ་བཀག་སྡོམ་སོགས་སྔོན་ཆད་མ་བྱུང་བ་ཞིག་བྱས་ཡོད་འདུག”ཅེས་འཁོད་ཡོད་པ་དང་། ལྷན་ཚོགས་དེའི་ཚོགས་གཙོ་ཁི་རི་སི་ གསི་མི་ཐིས་(Chris Smith) “རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་དེ་ཤིན་ཏུ་ནས་ངོ་ཚ་དགོས་པ་ཞིག་རེད། འདས་པའི་ལོ་ངོ་གསུམ་གྱི་ནང་ལ་སྐྱོ་རུ་སྐྱོ་རུ་ཕྱིན་འདུག་”ཅེས་བརྗོད་ཡོད་འདུག
ལྷན་ཚོགས་དེས་“ཕྱི་ལོ་༢༠༠༠ ལོར་གསར་འཛུགས་བྱས་པའི་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཁྲིམས་དོན་ལྷན་ཚོགས་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཁྲིམས་ལུགས་ཡར་རྒྱས་གཏོང་སྟངས་ཐད་རྟོག་ཞིབ་བྱེད་དགོས་”ཞེས་བཀའ་རྒྱ་ཡང་གཏོང་ཡོད་འདུག
དེ་བཞིན་སྙན་ཐོ་དེའི་ནང་“རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཕྱིན་ནས་འཛམ་གླིང་གི་ཨང་གཉིས་པ་རུ་སླེབས་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཡོང་ཐབས་ལ་རྒྱ་ནག་དམར་ཤོག་གཞུང་ནས་འབད་བརྩོན་བྱས་མེད་ཁར། འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་ཁྲིམས་ལ་གུས་འདུད་ཙམ་ཡང་བྱེད་ཀྱི་མེད་པ་རེད་”ཅེས་སྐྱོན་བརྗོད་བྱས་ཡོད་པ་དང་།
དེ་བཞིན་ཕྱི་ལོ་༢༠༡༥ ལོར་རྒྱ་ནག་གཞུང་གིས་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་འོག ཁྱིམ་ཚང་གཅིག་ནང་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་དེ་སྔོན་གྱི་སྲིད་ཇུས་དེ་འགྱུར་བ་བཏང་ནས་སྲིད་ཇུས་གསར་པ་བཟོས་ཡོད་པར་བསྒྲགས་ཡོད་རུང་། དོན་ངོ་མར། ཁྱིམ་ཚང་གཅིག་ནང་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་ཁྲིམས་དེ་ཕྲུ་གུ་གཉིས་སྐྱེ་ཆོག་པའི་ཁྲིམས་སུ་བསྒྱུར་ཡོད་པ་ཙམ་ལས། འཆར་ལྡན་བུ་སྐྱེའི་གནས་སྟངས་ལ་འགྱུར་བ་གཏན་ནས་བཏང་མེད་པ་རེད་འདུག
ཕྲུ་གུ་གསུམ་པ་ཞིག་སྐྱེ་འཇུག་འདོད་མཁན་གྱི་ནང་མི་ཚོར་རྟག་ཏུ་མངལ་འདོན་འཇུག་པའམ། དངུལ་ཕོན་ཆེན་གཞུང་ལ་སྤྲོད་དགོས་པ་གཉིས་གདམ་ཀའི་ཐོག་གནོན་ཤུགས་སྤྲད་དང་སྤྲོད་མུས་ཡིན་འདུག་པས། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་རྣམས་ཀྱིས་རྒྱ་ནག་ནང་སྲིད་ཇུས་རྙིང་པ་ལག་བསྟར་བྱེད་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཇི་ལྟར་བྱས་པ་བཞིན། སྲིད་ཇུས་གསར་པའི་སྐབས་ཡང་དེ་ལྟར་ཡོང་གི་ཡོད་པ་ལས་འགྱུར་བ་གཏན་ནས་མི་འདུག་ཅེས་བརྗོད་ཀྱི་ཡོད་འདུག
དེ་བཞིན་ཆོས་དད་རང་དབང་གི་ཐད་ནས། རྒྱ་ནག་གཞུང་གིས་སྲིད་ཇུས་དང་ལག་ལེན་གཉིས་ཀའི་ཆ་ནས་མི་སྒེར་གྱི་ཆོས་དད་རང་དབང་ལ་རྡོག་རོལ་མུ་མཐུད་ནས་བཏང་དང་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་བོད་ནང་དུ་ནང་ཆོས་ཉམས་ལེན་བྱེད་མཁན་དང་། རྒྱ་ནག་ནང་གི་ཡེ་ཤུ་བ། ཡུ་གུར་གྱི་ཁ་ཆེ་བ་བཅས་ཀྱི་ཆོས་དད་རང་དབང་ལ་གཉའ་གནོན་བཤུ་གཞོག་ཚད་མེད་གཏོང་བཞིན་ཡོད་ཚུལ་བཅས་འཁོད་ཡོད་འདུག
ཡང་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་དང་། ཆོས་ལུགས་རང་དབང་འཐབ་རྩོད་པ་སྟོང་ཚོ་མང་པོ་ཉི་འོད་མེད་པའི་སྨག་རུམ་གྱི་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད་པ་དང་། རང་སྣང་གང་ཤར་ཐོག་ཉེས་མེད་ཀྱི་སྐྱེ་བོ་རྣམས་ལ་བཀག་སྡོམ་ཚད་མེད་བྱེད་ཀྱི་ཡོད་པ་སོགས་འཁོད་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
