རྒྱ་ནག་ནང་གི་དགོན་པ་ཞིག་གི་མཁན་པོ་བུད་མེད་འདྲ་མིན་དང་ལྐོག་འབྲེལ་ཡོད་སྐོར་བརྗོད་ནས་འཛིན་བཟུང་བྱས་འདུག 

རྒྱ་ནག་གི་(Henan)ཧི་ནན་ཞིང་ཆེན་ནང་ཡོད་པའི་(Shaolin)ཧྲོའོ་ལིན་དགོན་པའི་འགན་འཛིན་དང་མཁན་པོ་ཞིག་གིས་གཞུང་དངུལ་ལྐོག་ཟ་རུལ་སུངས་དང་། བུད་མེད་འདྲ་མིན་དང་ལྐོག་འབྲེལ་བྱས་ཡོད་པ་སོགས་ཀྱི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་འདུག

ཕྱི་ཚེས་༢༨ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ད་ལྟ་རྒྱ་ནག་ནང་གནས་ཚུལ་ཁྱབ་ཆེ་ཤོས་ནི་རྒྱ་ནག་གི་(Henan)ཧི་ནན་ཞིང་ཆེན་ནང་དུ་ཡོད་པའི་(Shaolin)ཧྲོའོ་ལིན་དགོན་པའི་འགན་འཛིན་བཙུན་པ་ཧྲི་ཡུང་ཤིན་(Shi Yongxin)ཟེར་བ་དེ་ཡིས་གཞུང་གི་དངུལ་ལྐོག་ཟ་རུལ་སུངས་བྱས་ཡོད་པ་དང་། བུད་མེད་འདྲ་མིན་དང་ལྐོག་འབྲེལ་བྱས་ནས་བྱིས་པ་ཡོད་པ་སོགས་ཀྱི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པ་དེའི་སྐོར་གྱི་གནས་ཚུལ་དེ་ཡིན་འདུག  ལོ་ངོ་༡༥༠༠ ལྷག་གི་ལོ་རྒྱུས་ཡོད་པའི་(Shaolin)ཧྲོའོ་ལིན་དགོན་པར། ལོ་རེ་ལ་དད་ལྡན་བ་སྟོང་ཚོ་མང་པོ་དགོན་པ་དེར་གནས་མཇལ་དང་ཆོས་ཞུ་ཆེད་དུ་ཡོང་མཁན་ཡོད་འདུག་ཅིང་།  དམིགས་བསལ་རྒྱ་ནག་གི་ཕྱི་ཕྱོགས་ནས་དད་ལྡན་བ་སྟོང་ཚོ་མང་པོ་ཡོང་མཁན་ཡོད་འདུག  བཙུན་པ་(Shi Yongxin)ཧྲི་ཡུང་ཤིན་ཟེར་བ་དེ་ཕྱི་ལོ་༡༩༩༩ ནས་ཧྲོའོ་ལིན་དགོན་པའི་མཁན་པོའམ་འགན་འཛིན་བསྐོས་ཡོད་འདུག་ཅིང་། ཁོང་གི་མིང་གཞན་ཞིག་ལ་(CEO)སྤྱི་འདོམས་པ་ཞེས་འབོད་ཀྱི་ཡོད་འདུག བཙུན་པ་དེ་ཡིས་འདས་པའི་དུས་ཡུན་ནང་འཛམ་གླིང་གི་ས་ཆ་མང་པོ་ཞིག་ལ་ཧྲོའོ་ལིན་དགོན་པའི་ཡན་ལག་བཙུགས་ཡོད་འདུག་ལ། ཧྲོའོ་ལིན་དྲག་རྩལ་སློབ་གྲྭ་མང་པོ་ཞིག་རྒྱ་ནག་གི་ཕྱི་ཕྱོགས་བཙུགས་ནས་ཁོ་རྒྱལ་སྤྱི་ཐོག་ཏུ་ཡང་སྐད་གྲགས་ཆེན་པོ་ཡིན་འདུག 

 ཕྱི་ལོ་༢༠༡༥ ལོར་བཙུན་པ་དེ་ལ་བུད་མེད་འདྲ་མིན་དང་ལྐོག་འབྲེལ་ཡོད་པའི་སྐོར་དང་། ལྐོག་ཟ་རུལ་སུངས་བྱེད་ཀྱི་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་ཐོན་ཡོད་འདུག་ཅིང་། སྐབས་དེ་དུས་ཧྲོའོ་ལིན་དགོན་པར་ཨ་སྒོར་ས་ཡ་༣༠༠ ཙམ་གྱི་འཛུགས་སྐྲུན་ལས་གཞི་ཞིག་སྤེལ་བཞིན་ཡོད་འདུག་པར་བརྟེན། ལས་གཞི་དེའི་ཁོངས་སུ་སློབ་གྲྭ་གསར་རྒྱག་དང་། མགྲོན་ཁང་གསར་རྒྱག་སོགས་ཀྱི་ལས་གཞི་རྒྱ་ཆེན་པོ་ཡོད་འདུག ལས་གཞི་དེ་དག་གི་ཁོངས་ནས་ལྐོག་ཟ་རུལ་སུངས་བྱས་ཡོད་པའི་སྐོར་ཉེས་འཛུགས་བྱས་མྱོང་ཡོད་འདུག་ཅིང་།  སྐབས་དེ་དུས་དགོན་པ་དེ་ལ་ཡང་དཀའ་ངལ་ཆེན་པོ་འཕྲད་མྱོང་ཡོད་འདུག སྤྱིར་བཏང་ཧྲོའོ་ལིན་དགོན་པ་ཞེས་པའི་མིང་དེ་ཐོག་མར་ཕྱི་ལོ་༡༩༨༢ ལོ་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་(Jet Li)ཇེ་ཊི་ལི་ཡིས་དགོན་པ་དེ་དང་འབྲེལ་ནས་དྲག་རྩལ་གྱི་གློག་བརྙན་བཟོས་ཡོད་པའི་དབང་གིས་མིང་དེ་ལྟར་ཐོབ་ཡོད་འདུག 

ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ནང་པའི་ལྷན་ཚོགས་ཀྱི་ངོས་ནས་བཙུན་པ་དེའི་ལག་ཁྱེར་ཆ་ཚང་འཕྲོག་པའམ་མེད་པ་བཟོས་པ་ཡིན་ཞེས་བརྗོད་ཡོད་འདུག་ལ། བཙུན་པ་ཁོའི་བྱ་སྤྱོད་ལ་བརྟེན་ནས་རྒྱ་ནག་ནང་གི་ནང་པ་ཚོའི་མིང་ནག་པོ་བཟོས་པའམ་ཞབས་འདྲེན་ཞུས་སོང་ཞེས་བརྗོད་འདུག གཞན་ཡང་ཕྱི་ལོ་ ༡༩༩༨ ལོ་ནས་ཧེ་ནན་ས་ཁུལ་གྱི་ནང་པའི་དབུ་འཛིན་དང་། ཕྱི་ལོ་ ༡༩༩༨ ནས་ཕྱི་ལོ་ ༢༠༡༨ བར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། ཚོགས་ཆེན་འཐུས་མིའི་གནས་རིམ་གཉིས་པ་ཅན་གྱི་གོ་ས་འཛིན་མཁན་ཞིག་ཀྱང་ཡིན་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།