རྒྱ་ནག་ནང་ཏོག་དབྱིབས་ནད་དུག་སྐོར་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་བུད་མེད་ཅིག་ལ་བཙོན་འཇུག་དུས་འགྱངས་བྱས་འདུག
རྒྱ་ནག་ནང་ཐོག་མར་ཏོག་དབྱིབས་ནད་དུག་ཁྱབ་དུས་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་གསར་འགོད་པ་བུད་མེད་མིང་ལ་Zhang Zhan ཟེར་ཞིང་། བཙོན་འཇུག་ལོ་བཞི་དུས་འགྱངས་བྱས་འདུག དུས་འགྱངས་བྱེད་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་ནང་འཁྲུག་རྩོད་དང་ཟིང་འཁྲུག་སློང་བའི་ཉེས་མིང་འོག་བྱས་པ་ཞིག་ཡིན་འདུག

ཕྱི་ཚེས་༢༢ ཉིན་(Financial Express)བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་དོན་ལ། རྒྱ་རིགས་བུད་མེད་(Zhang Zhan)ནི་གསར་འགོད་པ་ཞིག་ཡིན་འདུག་ཅིང་། ཁོང་གིས་ཕྱི་ལོ་༢༠༢༠ ཟླ་བ་༡༢ ནང་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་ཡོད་སྐོར་གྱི་གནས་ཚུལ་རྣམས་ཕྱིར་བསྒྲགས་བྱས་རྗེས། རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་འདུག ཉེ་ཆར་བདུན་ཕྲག་སྔོན་མ་གཟའ་པ་སངས་ཉིན་བསྐྱར་དུ་རྒྱ་ནག་ནང་འཁྲུག་འཛིང་དང་ཟིང་འཁྲུག་སློང་བའི་ཉེས་མིང་འོག་བཙོན་འཇུག་ལོ་བཞི་དུས་འགྱངས་བྱས་ཡོད་འདུག དུས་འགྱངས་བྱེད་དོན་གཞན་ཞིག་ནི་ཁོང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཧ་ཅང་སྐྱོ་པོ་ཡིན་སྐོར་གནས་ཚུལ་སྤེལ་བའི་རྐྱེན་གྱིས་ཡིན་པ་ཡང་བརྗོད་འདུག རྒྱལ་སྤྱིའི་གསར་འགོད་རང་དབང་ཚོགས་པས་གཟའ་ཉི་མ་ཉིན་གནས་ཚུལ་སྤེལ་དོན་ལ། ཁོང་ནི་(information hero)སྟེ། གསར་འགྱུར་གྱི་དཔའ་མོ་དེ་ཡིན་པས་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་དགོས་ཞེས་བརྗོད་འདུག ཁོང་གི་ཁྲིམས་རྩོད་པ་ཟུར་པ་Ren ཞེས་པས་དྲ་ཐོག་ཏུ་གནས་ཚུལ་སྤེལ་དོན་ཉེ་ཆར་གསར་དུ་ཉེས་འཛུགས་བྱས་པའི་གནད་དོན་དེ་དག་ནི་ཁོང་ཕྱི་རྒྱལ་ལ་ཡོད་དུས་དྲ་ཐོག་ཏུ་བཤད་པའི་སྐད་ཆ་དག་ལ་གཞི་བཅོལ་ཡོད་ཀྱང་། དོན་དངོས་ཐོག་ཁོང་ལ་ནག་ཉེས་མེད་པའི་ཐོག་ནས་གློད་བཀྲོལ་དགོས་ཞེས་བརྗོད་འདུག ཕྱི་ལོ་༢༠༢༠ ལོར་ཟླ་བ་མང་པོར་ཁོང་གིས་དྲ་ཐོག་ཏུ་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་སྐོར་གནས་ཚུལ་ཁྱབ་སྤེལ་ཐེངས་མང་བྱས་རྗེས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག་ཅིང་། རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གི་སྨན་ཁང་ནང་ནད་པ་ཧ་ཅང་མང་པོ་ཡོད་པ་དང་། སྲང་ལམ། ཁྲོམ་གཞུང་སོགས་ཚང་མ་སྟོང་པ་ཡིན་པའི་པར་དང་བརྙན་ཕྱིར་བསྒྲགས་བྱས་པ་དང་། གཞན་གཞུང་གི་འགོ་ཁྲིད་ཚོས་འགྲེལ་བརྗོད་གང་བྱེད་ཀྱི་ཡོད་མེད་སོགས་ཀྱི་གནས་ཚུལ་སྤེལ་བའི་རྐྱེན་གྱིས་ཡིན་འདུག ཁྲིམས་རྩོད་པས་བརྗོད་དོན། ཐོག་མ་འཛིན་བཟུང་བྱེད་དུས་ཟླ་བ་གཅིག་ཙམ་རིང་ཟས་བཅད་ངོ་རྒོལ་བྱས་ཡོད་འདུག་ཅིང་། དེ་རྗེས་བཙོན་སྲུང་བ་དང་ཉེན་རྟོག་པ་ཚོས་ལག་པ་བསྡམས་ནས་བཙན་གྱིས་ཟས་འགྱིག་ཐག་བརྒྱུད་ནས་ཁ་ནང་བླུགས་པ་སོགས་ཀྱི་དཀའ་ངལ་སྤྲད་ཡོད་ཚུལ་དང་། ད་དུང་ཁྲིམས་རྩོད་པས་ཁོང་ལ་དཀའ་སྡུག་དེ་འདྲ་མྱོང་དགོས་དོན་ནི། ནག་ཉེས་བསགས་པའི་རྐྱེན་གྱིས་མ་ཡིན་པར། སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་པའི་རྐྱེན་གྱིས་རེད་ཅེས་བརྗོད་འདུག དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱ་ནག་ནི་འཛམ་གླིང་ནང་གསར་འགོད་པ་མང་ཤོས་བཙོན་འཇུག་བྱེད་མཁན་དེ་ཡིན་པ་དང་། ད་བར་ཁྱོན་གསར་འགོད་པ་༡༢༤ བཙོན་ནང་ཡོད་པ་བརྗོད་འདུག ཕྱི་ལོ་༢༠༢༥ ལོའི་གསར་འགོད་རང་དབང་གི་ཚད་གཞི་ཐད་རྒྱ་ནག་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་༡༨༠ ནས་རྒྱ་ནག་༡༧༨ པ་ཡིན་འདུག་ཅིང་། གསར་འགོད་རང་དབང་སྡུག་ཤོས་ཀྱི་རྒྱལ་ཁབ་གྲས་སུ་ཡོད་འདུག ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་འགན་འཛིན་Beh Lih. Yi ཡིས་རྒྱ་ནག་གི་དབང་འཛིན་པ་ཚོས་ Zhang Zhan ལ་ཉེས་འཛུགས་བྱས་པའི་གནད་དོན་དེ་མང་ཚོགས་ལ་ཕྱིར་བསྒྲགས་ནམ་ཡང་བྱས་མེད་པ་དང་། སླར་ཡང་གཞི་མེད་ཉེས་འཛུགས་འོག་ཁྲིམས་གཏུག་ཐེངས་གཉིས་པ་བྱས་པ་ནི་འདི་ནི། གསར་འགྱུར་ལས་རིགས་ལ་བཙན་གནོད་བྱས་པ་ཡིན་པས། རྒྱ་ནག་གཞུང་གིས་ཁོང་ལ་བཙུགས་པའི་ནག་ཉེས་དེ་དག་ཕྱིར་བསྡུ་བྱེད་དགོས་པ་དང་གང་མགྱོགས་གློད་བཀྲོལ་དགོས་ཞེས་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
