རྒྱ་ནག་ནང་དངོས་ཟོག་ཕྱིར་ཚོང་ལ་དཀའ་ངལ་དང་དཔལ་འབྱོར་ཉམས་རྒུད།
ཟླ་འདིའི་ཚེས་༡༠ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་རྒྱ་ནད་ཀྱི་དཀའ་ངལ་ལས་ཐར་བའི་རྗེས། དཔལ་འབྱོར་སླར་གསོ་ཐུབ་རྒྱུ་ལ་རེ་བ་ཆེན་པོ་བྱས་ཡོད་ཀྱང་། ད་ལྟའི་ཆར་རྒྱ་ནག་ནང་དངོས་ཟོག་གི་རིན་གོང་ཆུང་དུ་འགྲོ་བ་སོགས་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ལོ་སྔོན་མ་དང་བསྡུར་ན་ལོ་འདིའི་ཕྱི་ཟླ་༧ པའི་ནང་རྒྱ་ནག་གི་ཉེར་སྤྱོད་རིན་གོང་(Consumer Price) ་བརྒྱ་ཆ་༠.༣%་མར་ཆག་ཅིང་ཕྱི་ལོ་༢༠༢༡ ་ནས་བཟུང་ད་བར་དེ་ལྟར་ཆག་མྱོང་མི་འདུག
རྒྱ་ནག་ནང་དངོས་ཟོག་གི་རིན་གོང་ཆུང་དུ་ཕྱིན་པར་བརྟེན། རྒྱ་ནག་ནས་དངོས་ཟོག་ཕྱིར་འདྲེན་བྱེད་མཁན་དང་། ལྷག་པར་དུ་དངོས་ཟོག་གི་རིན་གོང་འཕར་བཞིན་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁེ་སང་རག་གི་ཡོད་འདུག ཡིན་ན་ཡང་། རྒྱ་ནག་ལ་དངོས་ཟོག་འཚོང་མཁན་གྱི་རྒྱལ་ཁབ་ཁག་དང་ཚོང་པ་རྣམས་ལ་གྱོང་གུད་ཕོག་བཞིན་ཡོད་འདུག
རྒྱ་ནག་ནང་དངོས་ཟོག་གི་རིན་གོང་ཆུང་དུ་སོང་བས་རྒྱ་ནག་མི་མང་ཚོས་རིན་གོང་ཆུང་ངུའི་ཐོག་ཅ་དངོས་ཉོ་རྒྱུ་ལ་གནས་སྐབས་ཀྱི་ཁེ་སང་ཡོད་རུང་། དངོས་ཟོག་གི་རིན་གོང་ཆུང་དུ་ཕྱིན་པས་ཕུགས་སུ་དཔལ་འབྱོར་ལ་གནོད་ཤུགས་ཐེབས་སྲིད་པ་རེད་འདུག
རྒྱ་ནག་ནང་དངོས་ཟོག་གི་རིན་གོང་ཆུང་དུ་འགྲོ་དགོས་དོན་གཙོ་བོ་ནི་ཉེར་སྤྱོད་མཁན་(Consumer demand) ་གྱི་དགོས་མཁོ་ཉུང་དུ་ཕྱིན་པ་དང་དངོས་ཟོག་མཁོ་འདོན་བྱེད་ཚད་མང་དྲགས་པ། ལྷག་པར་དུ་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་མེད་པ་བཟོས་རྗེས་རྒྱ་ནག་ནང་དཔལ་འབྱོར་བསྐྱར་གསོ་ཐུབ་མེད་པའི་དབང་གིས་རེད་འདུག

ད་ལྟའི་ཆར་རྒྱ་ནག་ནི་རྒྱ་ནད་ཀྱི་ཤུགས་རྐྱེན་ལས་རེ་བ་བྱས་པ་ལྟར་གྲོལ་ཐུབ་མེད་ལ། ལྷག་པར་དུ་བདུན་འདིའི་རེས་གཟའ་མིག་དམར་ཉིན་རྒྱ་གཞུང་གིས་དངོས་ཟོག་ཕྱིར་ཚོང་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་ཡོད་པར་ལྟར་ན། ལོ་སྔོན་མའི་ཕྱི་ཟླ་བདུན་པའི་ནང་དངོས་ཟོག་ཕྱིར་ཚོང་གི་གྲངས་འབོར་དང་བསྡུར་ན་ལོ་འདིའི་ཕྱི་ཟླ་བདུན་པའི་ནང་དངོས་ཟོག་ཕྱིར་ཚོང་གི་བརྒྱ་ཆ་༡༤.༥% ཆག་ཡོད་འདུག་ལ། སྔ་ལོ་ཕྱི་ཟླ་བདུན་པའི་ནང་དངོས་ཟོག་ནང་འདྲེན་གྱི་བརྒྱ་ཆ་དང་བསྡུར་ན། ལོ་འདིའི་དངོས་ཟོག་ནང་འདྲེན་གྱི་བརྒྱ་ཆ་༡༢.༤% མར་ཆག་ཡོད་འདུག
ཕྱི་ལོ་༢༠༡༩ ་ལོར་རྒྱ་ནད་བཅུ་དགུ་པ་དེ་འཛམ་གླིང་ཡོངས་ལ་ཁྱབ་པའི་རྗེས་སུ་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དངོས་ཟོག་གི་རིན་གོང་འཕར་ནས་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་ནག་ནང་དེ་ལས་ལྡོག་སྟེ་དངོས་ཟོག་གི་རིན་གོང་ཆག་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་ས་གནས་སྲིད་གཞུང་ཁག་གི་བུ་ལོན་ལས་ཐར་ཐབས་དང་སྡོད་ཁང་ཚོང་རའི་དཀའ་ངལ་སེལ་ཐབས་བྱེད་བཞིན་ཡོད་འདུག། དེ་བཞིན་གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་ལས་གྲོལ་ཐབས་ཀྱང་བྱེད་བཞིན་ཡོད་པ་སོགས་རྒྱ་ནག་ལ་དཔལ་འབྱོར་གྱི་དཀའ་ངལ་མུ་མཐུད་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།