རྒྱ་ནག་ནང་ཕྲུ་གུ་ཞིག་ཐོག་བརྩེགས་ལྔ་པ་ནས་མཆོངས་འདུག

ཨ་མས་ཉེས་རྡུང་མཚམས་འཇོག་མ་བྱས་པར་བརྟེན། ལོ་ན་དྲུག་ལ་སོན་པའི་ཕྲུ་གུ་ཞིག་ཁང་པའི་ཐོག་བརྩེགས་ལྔའི་ཐོག་ནས་མཆོངས་འདུག

ཟླ་འདིའི་ཚེས་༤ ཉིན་(NDTV) ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་༦ ཚེས་༢༥ ཉིན་རྒྱ་ནག་གི་ཨན་ཧོད་(Anhui) ་ཞིང་ཆེན་ལ་ཨ་མ་ཞིག་གིས་ལོ་ན་དྲུག་ལ་སོན་པའི་སོ་སོའི་ཕྲུ་གུ་ལ་དབྱུག་པས་ཉེས་རྡུང་གཏོང་རྒྱུ་མཚམས་འཇོག་མ་བྱས་པར་བརྟེན། ཕྲུ་གུ་དེ་འུ་ཐུག་ནས་ཁང་པའི་ཐོག་བརྩེགས་ལྔའི་ཐོག་ནས་མར་མཆོངས་ཡོད་འདུག

 ཕྲུ་གུ་ལ་ཉེས་རྡུང་གཏོང་བའི་སྐབས་སུ་ཁྱིམ་མཚེས་ཚོས་ཉེས་རྡུང་མ་གཏོང་རོགས། ཉེས་རྡུང་མཚམས་འཇོག་བྱོས་ཟེར་ནས་སྐད་བརྒྱབ་ཀྱང་། ཨ་མ་དེ་ཡིས་ཉན་འཇོག་མ་བྱས་པར་མུ་མཐུད་ནས་ཕྲུ་གུ་ལ་ཉེས་རྡུང་བཏང་ཡོད་འདུག ཁྱིམ་མཚེས་རེ་འགས་བརྙན་བླངས་ནས་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱ་Weibo ཐོག་ལ་ཡང་བཞག་ཡོད་འདུག

འདས་པའི་ཉིན་ཁ་ཤས་ཀྱི་རིང་བརྙན་དེ་རྒྱ་ནག་ནང་མི་ས་ཡ་༡༠ ལྷག་གིས་བལྟས་ཡོད་འདུག  རྒྱ་ནག་ནང་ཕྲུ་གུ་སྲུང་སྐྱོབ་ཀྱི་ཁྲིམས་དམ་དུ་གཏོང་དགོས་པའི་ཐོག་ལ་བསམ་ཚུལ་འབྲི་མཁན་མང་པོ་བྱུང་འདུག ཁྱིམ་མཚེས་ཚོས་ཕྲུ་གུ་དེ་སྨན་ཁང་དུ་ཁུར་བར་བརྟེན། ད་ལྟའི་ཆར་སྲོག་ལ་ཉེན་ཁ་མེད་ཀྱང་ཕྲུ་གུ་དེའི་རུས་པ་ཁ་ཤས་ཆག་ཡོད་པའི་གནས་ཚུལ་ཐོན་འདུག

ཕྲུ་གུའི་ཨ་ཕ་ནི་གྲོང་ཁྱེར་གཞན་ཞིག་ལ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཨ་མས་ས་གནས་ཉེན་རྟོག་པ་ཚོ་ལ་བརྗོད་གསལ་ལྟར་ན། ཕྲུ་གུ་དེ་ཁང་པའི་ནང་དུ་མ་བསྡད་པར་ཕྱི་ལ་བསྡད་པར་བརྟེན། ཁང་ཐོག་ནས་མར་ཟག་ཡོང་བསམ་པའི་ཞེད་སྣང་དང་སེམས་ཁྲལ་གྱིས་ཕྲུ་གུ་ལ་ཉེས་རྡུང་བཏང་ཡིན་ཞེས་བརྗོད་འདུག རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཨ་མ་དེའི་སྐད་ཆ་ལ་ཡིད་མ་ཆེས་མཁན་མང་པོ་བྱུང་ཞིང་། ཁོང་ཁྲོ་ལངས་ནས་ཁ་རྡུང་གཏོང་མཁན་ཡང་མང་པོ་འབྱུང་བཞིན་འདུག

ཕྱི་ལོ་༢༠༠༨ ནས་༢༠༡༣ བར་རྒྱ་ནག་ནང་ཕྲུ་གུ་ལ་ཉེས་རྡུང་བཏང་བའི་སྙན་ཐོ་དག་ལ་གཞིགས་ན་ཕྲུ་གུ་ལ་ཉེས་རྡུང་བཏང་བའི་གནས་ཚུལ་ཁྲོད། ཉེས་རྡུང་གཏོང་མཁན་བརྒྱ་ཆ་༧༥ ནི་སོ་སོའི་ཕ་མ་དང་བརྒྱ་ཆ་༡༠ ནི་ཕ་ཚབ་དང་མ་ཚབ་སོགས་ཡིན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།