རྒྱ་ནག་ནང་ཕྲུ་གུ་སྐྱེ་ཚད་ཉུང་དུ་སོང་བའི་དཀའ་ངལ་དང་དེའི་ཤུགས་རྐྱེན།
འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་ནང་ཕྲུ་གུ་སྐྱེ་ཚད་ཉུང་དུ་འགྲོ་བའི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་ཡོད་འདུག་ཅིང་། ད་དུང་ལོ་ཤས་རྗེས་སུ་སྔོན་འགྲོ་དང་གཞི་རིམ་སློབ་གྲྭ་སོགས་ནང་སློབ་མ་དང་དགེ་རྒན་གཉིས་ཀ་ཉུང་དུ་ཕྱིན་ཏེ་སློབ་གྲྭ་མང་པོ་སྒོ་རྒྱག་དགོས་པའི་ཉེན་ཁ་ཡོད་པ་དང་། ད་ལྟ་ལོ་ལྟར་བྱིས་བཅོས་ཁང་མང་པོ་སྒོ་རྒྱག་དགོས་འཁེལ་གྱི་ཡོད་འདུག

ཕྱི་ཚེས་༢༠ ཉིན་སི་ཁྲོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་རྒྱ་ནག་ནང་ལོ་རེར་ཕྲུ་གུ་སྐྱེ་གྲངས་ཧ་ཅང་ཉུང་དུ་འགྲོ་བཞིན་ཡོད་པ་བརྗོད་འདུག འདི་ལོ་ཕྱི་ལོ༢༠༢༥ ནང་རྒྱ་ནག་ནང་ཕྲུ་གུ་སྐྱེ་གྲངས་དེ་ཁྲི་༨༠༠ ནས་ ༨༥༠ བར་ཡོད་འདུག་ཀྱང་། ཕྱི་ལོ་༢༠༡༧ ལོར་ཕྲུ་གུ་སྐྱེ་གྲངས་ཁྲི་༡༧༥༨ ཡོད་པ་དང་བསྡུར་ན། འདས་པའི་ལོ་བརྒྱད་ནང་ཁྲི་༨༠༠ ལས་མེད་པར་ཉུང་དུ་སོང་ཡོད་འདུག འདས་པའི་ལོ་ལྔ་དྲུག་ཙམ་གྱི་རིང་ལ། ལོ་རེའི་ཆ་སྙོམས་ཀྱི་ཕྲུ་གུ་སྐྱེ་ཚད་བརྒྱ་ཆ་༥༠ ཡན་ཉུང་དུ་འགྲོ་བཞིན་ཡོད། དེ་བཞིན་ཕྱི་ལོ༢༠༢༤ ལོར་གཉེན་སྒྲིག་བྱེད་མཁན་ན་གཞོན་གྱི་གྲངས་ཐོ་ལ་བལྟས་ན། ཁྱོན་ཁྲི་༦༡༠ ལས་བྱུང་མེད་པ་དང་། དེ་སྔོན་དང་བསྡུར་ན་བརྒྱ་ཆ་༢༠ ལྷག་ཉུང་དུ་འགྲོ་བཞིན་ཡོད་པ་བརྗོད་འདུག གནད་དོན་དེ་དག་ལ་བལྟས་ན་རྒྱ་ནག་ནང་ཕྲུ་གུ་སྐྱེ་གྲངས་ཧ་ཅང་ཉུང་དུ་འགྲོ་བཞིན་པ་ནི་དངོས་ཡོད་ཀྱི་གནད་དོན་ཞིག་ཡིན་པ་དང། གོང་གསལ་གྱི་གནད་དོན་དེའི་རྒྱུ་རྐྱེན་གཙོ་བོ་གསུམ་ལ་ཐུག་ཡོད་འདུག
དང་པོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ན་གཞོན་ཚོའི་ཟླ་ཕོགས་ཆ་སྙོམས་རྒྱ་སྒོར་༣༠༠༠ ནས་༦༠༠༠ བར་ཡིན་པ་དང་། གལ་ཏེ་བྱིས་པ་ཞིག་གསོ་སྐྱོང་བྱས་ནས་མཐོ་སློབ་མཐར་ཕྱིན་དགོས་ན་ཉུང་མཐར་རྒྱ་སྒོར་ཁྲི་༥༠ འགྲོ་སོང་གཏོང་དགོས་པས་དཔལ་འབྱོར་ཐད་དཀའ་ངལ་ཆེན་པོ་ཡོད།
གཉིས་པ། གཉེན་སྒྲིག་བྱེད་སྐབས་རྒྱ་ནག་ནང་སྤྱིར་བཏང་སློང་རྟེན་སྒོར་ཁྲི་༢༠ ནས་༣༠ སྤྲོད་དགོས་པ་དང་། གཉེན་སྒྲིག་ཁང་པ། མོ་ཊ་སོགས་ངེས་པར་དུ་གྲ་སྒྲིག་བྱེད་དགོས་པས་གཉེན་སྒྲིག་གི་གནོན་ཤུགས་ཆེན་པོ་ཡོད། དེ་བཞིན་གཉེན་སྒྲིག་གི་འདུ་ཤེས་ལའང་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་འདུག
གསུམ་པ། ན་གཞོན་ཁྲོད་གཉེན་སྒྲིག་བྱ་རྒྱུ་དེ་རང་ཉིད་ཀྱི་གདམ་ཀ་ཞིག་ལས་འགན་འཁྲིའི་འདུ་ཤེས་མེད་པར་འགྱུར་བཞིན་ཡོད་པ་དང་། རང་ཉིད་གཅིག་པུ་མཐོང་ཆེན་བྱེད་པ་ལས་ཕྲུ་གུ་སྐྱེ་རྒྱུ་དེ་ཙམ་མཐོང་ཆེན་མི་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་རྒྱ་ནག་ནང་གི་དཔལ་འབྱོར་དང་རིག་གནས། སློབ་གསོ་སོགས་གང་ཐད་ནས་ཤུགས་རྐྱེན་ངན་པ་ཞིག་ཐེབས་རྒྱུ་ཡིན་ཚུལ་བརྗོད་འདུག
དཔེར་ན། དུས་རབས་ཤིག་ལ་ཐོན་ཁུངས་དཀོན་པའི་དཀའ་ངལ་ཡོད་ཀྱང་། ད་ལྟ་རྒྱ་ནག་ནང་སློབ་གྲྭ་ཡོད་ཀྱང་བྱིས་པ་མེད་ནས་རྒྱ་ནག་ཡོངས་སུ་ཉིན་རེར་བྱིས་སྐྱོང་ཁང་༥༠ སྒོ་རྒྱག་དགོས་འཁེལ་གྱི་ཡོད་པ་བརྗོད་འདུག ཚོད་དཔག་བྱས་ན་འདི་ལོ་ཕྱི་ལོ་༢༠༢༥ གཅིག་པུར་བྱིས་སྐྱོང་ཁང་ཁྱོན་ཁྲི་གཅིག་དང་སྟོང་དྲུག་སྒོ་རྒྱག་དགོས་རྒྱུ་ཡིན་འདུག གལ་སྲིད་བྱིས་སྐྱོང་ཁང་དེ་དག་ཏུ་བྱིས་པ་ཉུང་དུ་ཕྱིན་ན། ལོ་འགའ་ཤས་རྗེས་གཞི་རིམ་དང་མཐོ་རིམ་སློབ་གྲྭ་སོགས་སུ་སློབ་མ་མེད་པར་འགྱུར་རྒྱུ་ཡིན་པ་ཡང་བཤད་འདུག ད་ལྟ་ཉུང་དུ་འགྲོ་བཞིན་པའི་གྲངས་ཐོ་གཞིར་བཞག་ནས་ཚོད་དཔག་བྱས་ན། མ་འོངས་པ་ཕྱི་ལོ་༢༠༣༧ ལོར་སླེབས་དུས་རྒྱ་ནག་ཡོངས་ཀྱི་སློབ་ཆུང་དགེ་རྒན་ཁྲི་༡༥༠ དང་མཐོ་འབྲིང་དགེ་རྒན་ཁྲི་༣༧ ཉུང་དུ་འགྲོ་རྒྱུ་ཡིན་འདུག རྒྱུ་མཚན་དེ་ལ་བརྟེན་ནས་མ་འོངས་པར་ཞིབ་འཇུག་སྡེ་ཁག་དང་སློབ་གསོའི་སྡེ་ཁང་མང་པོ་ཞིག་སྒོ་རྒྱག་དགོས་འཁེལ་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག
གོང་གསལ་གྱི་དཀའ་ངལ་དེ་དག་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ ནས་བྱིས་པ་གསུམ་སྐྱེ་ཆོག་པའི་ཆོག་མཆན་སྤྲད་ཡོད་ཅིང་། འདི་ལོ་ཕྱི་ལོ་༢༠༢༥ ལོར་ལོ་གསུམ་མན་ཆད་ཀྱི་བྱིས་པར་ལོ་རེར་སྒོར་༣༦༠༠ ཡི་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་འདུག དེ་བཞིན་ཕ་མ་གཉིས་ཀྱི་བྱིས་པ་སྐྱེ་བའི་སྐབས་སུ་གུང་གསེང་ཇེ་རིང་དུ་བཏང་ཡོད་པ་དང་། ད་དུང་སློབ་གྲྭ་ཁག་ཏུ་འཛིན་གྲྭ་གཅིག་ཏུ་སློབ་མའི་གྲངས་ཚད་ཉུང་དུ་གཏོང་བཞིན་ཡོད་འདུག འོན་ཀྱང་། མཁས་པ་ཚོས་གཙོ་བོ་ཟླ་ཕོགས་མཐོ་རུ་གཏོང་དགོས་པ་དང་། གྲོང་ཁྱེར་ཆེ་ཁག་ནང་ཡོད་པའི་ཁང་པའི་གོང་ཚད་ཆུང་དུ་གཏོང་དགོས་པ། མཐར་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་དགོས་པ་སོགས་ཀྱི་བསམ་ཚུལ་བཤད་མཁན་མང་པོ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
