རྒྱ་ནག་ནང་བྱིས་པ་དང་སློབ་ཕྲུག་ཐོག་དྲག་རྒོལ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་འདུག

ད་ཆར་རྒྱ་ནག་གི་སྤྱི་ཚོགས་ཁྲོད་མི་གསོད་དོན་རྐྱེན་ཡང་ཡང་དུ་འབྱུང་བཞིན་ཡོད་འདུག་ལ། དམིགས་བསལ་བྱིས་པ་དང་སློབ་ཕྲུག་ཐོག་དྲག་རྒོལ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་འདུག

སྤྱི་ཚོགས་དཔྱད་བརྗོད་པ་དག་གིས་བརྗོད་པ་ལྟར་ན། ད་ཆར་རྒྱ་ནག་གི་སྤྱི་ཚོགས་ཁྲོད་དུ་དམིགས་བསལ་སྐྱེས་པ་རྣམས་ལས་མི་གསོད་དོན་རྐྱེན་གྱི་གནས་ཚུལ་མང་དུ་ཡོང་བཞིན་པ་ནི། སྤྱི་ཚོགས་ཀྱི་གནོན་ཤུགས་དང། ཁྱིམ་ཚང་གི་འགན་འཁྲི། ལས་ཀ་མི་རག་པའི་དཀའ་ངལ་སོགས་ཀྱི་སེམས་སྡུག་གིས་ཡིན་པ་ཚོད་དཔག་བྱེད་ཀྱིན་འདུག

ཕྱི་ཚེས་༡༠ གཟའ་ཟླ་བའི་ཉིན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གི་ལྷོ་ཤར་(Guangdong)ཀོང་ཏུང་ཞིང་ཆེན་གྱི་ལེན་ཅང་(Lianjiang)་ཟེར་བའི་ས་ཆ་ཞིག་ལ་ཡོད་པའི་བུ་བཅོལ་ཁང་ཞིག་གི་ནང་དུ། ཞོགས་པ་ཆུ་ཚོད་༧་དང་སྐར་མ་༤༠ ཙམ་ལ་མི་ཞིག་གིས་དྲག་རྒོལ་བྱེད་འགོ་བཙུགས་ནས་དགེ་རྒན་གཅིག་དང། ཕ་མ་གཉིས། ཕྲུག་གསུམ་བཅས་ཁྱོན་མི་དྲུག་བསད་ཡོད་འདུག དོན་རྐྱེན་དེ་དང་འབྲེལ་བའི་དོགས་གཞི་ཡོད་པའི་སྐྱེས་པ་རང་ལོ་༢༥ ཅན་ཞིག་འཛིན་བཟུང་བྱས་ཡོད་ཅིང་། ལེན་ཅང་ཟེར་བའི་ས་ཆ་དེའི་ནང་མི་འབོར་ས་ཡ་༡་༨༧ ཡོད་འདུག་པ་དང་། ཐེངས་འདིའི་མི་གསོད་དོན་རྐྱེན་གྱི་བརྙན་དེ་དྲ་ཐོག་ལ་ཁྱབ་བསྒྲགས་ཆེན་པོ་ཕྱིན་པར་བརྟེན། རྒྱ་ནག་ནང་མི་མང་ལ་དཀའ་ངལ་ག་རེ་ཡོད་མེད་སོགས་ཀྱི་སྐོར་དྲ་ཐོག་ལ་གླེང་སློང་ཆེན་པོ་བྱུང་ཡོད་འདུག མི་འགའ་ཤས་ཀྱིས་བརྗོད་དོན་ལ་ད་ཆར་རྒྱ་ནག་ནང་དབུལ་ཕྱུག་བར་གྱི་ཁྱད་པར་ཆེན་པོ་ཡོད་པའི་རྐྱེན་གྱིས་མི་མང་དབུལ་པོ་རྣམས་རང་བཞིན་གྱིས་སྤྱི་ཚོགས་ཀྱི་གནོན་ཤུགས་དང། ཁྱིམ་ཚང་གི་འགན་འཁྲི། དེ་བཞིན་ནད་ཡམས་སྐབས་སུ་ཡུན་རིང་པོར་ཁྱིམ་སྡོད་བཀག་རྒྱའི་འོག་ལྷག་པར་བརྟེན། འཚོ་བ་དཀའ་ངལ་འཕྲད་པ། རྒྱ་ནག་ནང་གཞུང་གི་སྲིད་བྱུས་ཀྱིས་རྐྱེན་པའི་མ་རྩ་འཛུགས་མཁན་མེད་པས་ལས་ཀ་ཤོར་བ་སོགས། མི་མང་མང་པོ་ཞིག་དཀའ་ངལ་སྣ་ཚོགས་ཀྱི་འོག་ཏུ་ཡོད་པའི་རྐྱེན་གྱིས། ཁོང་ཁྲོ་དང་ང་རྒྱལ་གྱིས་མི་གསོད་དོན་རྐྱེན་མང་དུ་འགྲོ་ཡི་ཡོད་པར་རྗོད་བཞིན་འདུག ཡང་རྒྱུ་རྐྱེན་གཞན་ཞིག་ནི་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནང་དུ་ན་གཞོན་རྣམས་ལ་སྤྱི་ཚོགས་ཀྱིས་རེ་བ་ཆེན་པོ་རྒྱག་བཞིན་ཡོད་པའི་རྐྱེན་གྱིས་གནོན་ཤུགས་ཀྱི་དཀའ་ངལ་ཡིན་སྲིད་པ་ཡང་རྗོད་བཞིན་འདུག 

སྤྱིར་རྒྱ་ནག་ནང་མེ་མདའ་བཀག་འགོག་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། གྲི་ཡིས་མི་བསད་པའི་དོན་རྐྱེན་འདས་པའི་ལོ་མང་ནང་ཐེངས་དུ་མར་བྱུང་ཡོད་འདུག ལོ་སྔོན་མའི་ཕྱི་ཟླ་༨ ནང་རྒྱ་ནག་གི་ལྷོ་ཤར་ཞིང་ཆེན་ཅང་ཤིས་(Jiangix Province) ཟེར་བའི་ནང་མི་ཞིག་གིས་བུ་བཅོལ་ཁང་ཞིག་ནང་འཛུལ་ནས་གྲི་བརྒྱབས་ཏེ་མི་གསུམ་བསད་པ་དང་། མི་དྲུག་རྨས་ཡོད་འདུག་ལ། ཕྱི་ལོ་༢༠༢༡ ཟླ་བ་༤ པ་ནང་རྒྱ་ནག་ལྷོ་ཕྱོགས་ཀྱི་ས་ཆ་ཞིག་གི་བུ་བཅོལ་ཁང་གཅིག་གི་ནང་དུ་མི་ཞིག་གིས་བྱིས་པ་གཉིས་བསད་པ་དང་། མི་གཞན་༡༦ རྨས་ཡོད་འདུག ལོ་སྔོན་མ་སྤྱི་ཟླ་༧ པ་ནང་རྒྱ་ནག་གི་ལྷོ་ཕྱོགས་ས་ཆ་ཞིག་ལ་ཡང་མི་ཞིག་གིས་གྲི་བརྒྱབས་ནས་སློབ་མ་༣༧ དང་། མི་རྒན་པ་གཉིས་བཅས་ཁྱོན་མི་༣༩ ལ་རྨས་ཡོད་འདུག ཕྱི་ལོ་༢༠༡༩ ཟླ་བ་༡༡ ནང་རྒྱ་ནག་གི་ལྷོ་ནུབ་ཀྱི་ཞིང་ཆེན་(Yuannan province) ཡུན་ནན་ནང་དུ་མི་ཞིག་གིས་སློབ་གྲྭའི་གྱང་ཐོག་ནས་འཛེགས་ཏེ་དུག་རྫས་ཡོད་པའི་ཆུ་མི་རྣམས་ལ་གཏོར་བར་བརྟེན། ཁྱོན་མི་༥༡ རྨས་ཡོད་འདུག ལོ་དེ་ག་རང་དུ་རྒྱ་ནག་གི་ཞིང་ཆེན་ཧོས་པེ་(Hubei)ཟེར་བའི་ནང་དུ་ཡོད་པའི་སློབ་གྲྭ་ཞིག་ལ་གསོད་མཁན་གསལ་ཁ་མེད་ཀྱང་ཁྱོན་སློབ་མ་༨ དང་མི་རྒན་པ་གཅིག་བཅས་མི་༩ སྡེབས་གཅིག་ཏུ་ཤི་ཡོད་འདུག ཕྱི་ལོ་༢༠༡༨ཟླ་བ་༤་པའི་ནང་རྒྱ་ནག་གི་ཞིང་ཆེན་ཧྲན་ཤིས་(Shaanxi) ནང་སྐྱེས་པ་ལོ་༢༨ ཡིན་པ་ཞིག་གིས་མཐོ་སློབ་གཅིག་གི་ནང་དུ་སློབ་མ་༩ བསད་པ་དང་། ༡༢རྨས་ཡོད་པའི་གནས་ཚུལ་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།