རྒྱ་ནག་ནང་མི་ས་ཡ་༡ ལྷག་འདས་གྲོངས་སུ་འགྱུར་སྲིད།
ཟླ་འདིའི་ཚེས་༡༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པར་བརྟེན། ལོ་རྗེས་མའི་ནང་དུ་ནད་པ་ས་ཡ་གཅིག་ལྷག་འདས་གྲོངས་སུ་འགྱུར་སྲིད་པའི་སྔོན་དཔག་བྱས་ཡོད་འདུག
ཨ་རི་ལ་རྟེན་གཞི་བྱས་པའི་འཕྲོད་བསྟེན་ཚད་གཞི་དང་གདེང་འཇོག་ལྟེ་གནས་ཁང་(Institute of Health Metrics and Evaluation) གིས་ལོ་རྗེས་མའི་ཕྱི་ཟླ་བཞི་པའི་ནང་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་འགོས་ནས་འདས་གྲོངས་སུ་འགྱུར་མཁན་མི་གྲངས་ཁྲི་༣༢ ལྷག་ཡོང་སྲིད་པ་དང་། སྐབས་དེ་རྒྱ་ནག་གི་མི་འབོར་གསུམ་ཆ་གཅིག་ལ་ཏོག་དབྱིབས་གཉན་རིམས་འགོས་ཟིན་པའི་ཚོད་དཔག་བྱས་ཡོད་པ་མ་ཟད། ལོ་རྗེས་མའི་ནང་རྒྱ་མི་ས་ཡ་གཅིག་ལྷག་ནད་ཡམས་དེ་འགོས་ནས་འདས་གྲོངས་སུ་འགྱུར་སྲིད་པའི་སྔོན་དཔག་བྱས་ཡོད་འདུག
ཟླ་འདིའི་ཚེས་༣ ཉིན་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་འགོས་ནས་མི་གཅིག་གྲོངས་ཡོད་རབས་བརྗོད་ཡོད་ན་ཡང་། ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ལྷོད་ཡངས་སུ་བཏང་ནས་བཟུང་རྒྱ་ནག་གཞུང་གིས་ནད་པ་གྲོངས་ཡོད་རབས་ཀྱི་གནས་ཚུལ་གང་ཡང་བརྗོད་མེད་པ་མ་ཟད། ཕྱི་ལོ་༢༠༡༩ ནས་བཟུང་ད་བར་མི་གྲངས་༥༢༣༥ མ་གཏོགས་འདས་གྲོངས་སུ་འགྱུར་མེད་རབས་བརྗོད་བཞིན་ཡོད་འདུག
ཟླ་བ་རྗེས་མའི་ནང་རྒྱ་ནག་ཏུ་དཔྱིད་གསར་དུས་ཆེན་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་། སྐབས་དེ་མི་ཧ་ཅང་མང་པོ་ཡར་མར་འགྲིམ་འགྲུལ་བྱེད་ཀྱི་ཡོད་པར་བརྟེན། ནད་ཡམས་ཀྱི་ཁྱབ་ཚད་ཇེ་ཆེ་རུ་འགྲོ་སྲིད་པས་མི་མང་པོས་སེམས་འཚབ་དང་ཞེད་སྣང་བྱེད་བཞིན་ཡོད་འདུག
བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་པེ་ཅིང་ཛ་དྲག་ཞབས་ཞུ་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ཝང་ཡུང་གིས་ཉིན་ཤས་སྔོན་ནས་ཉི་མ་རེར་ཛ་དྲག་ཁ་པར་༣༠༠༠༠་ལྷག་འབྱོར་ཡོད་པ་དང་། རྒྱུན་ལྡན་ཛ་དྲག་ཁ་པར་འབྱོར་ཚད་ལས་ལྡབ་དྲུག་གིས་མང་དུ་ཕྱིན་སོང་ཞེས་བརྗོད་ཡོད་པའི་གནས་ཚུལ་ཞིག་བྷི་བྷི་སི་གསང་ཤོག་ཏུ་ཐོན་ཡོད་ལ། བདུན་འདིའི་རེས་གཟའ་མིག་དམར་ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ནད་པ་མང་དྲགས་པ་དང་ལྷག་པར་དུ་སྨན་པ་དང་སྨན་ཞབས་པ་མང་པོ་ལ་ན་ཚ་འགོས་ནས་ནད་དགོངས་ཞུ་དགོས་པ་ཆགས་ཡོད་པ་དང་། སྨན་ཁང་ཁ་ཤས་ཀྱི་ནང་དུ་ལས་མི་མ་འདང་པས་སྨན་པ་སོགས་ལ་ནད་ཡམས་འགོས་ཀྱང་མུ་མཐུད་སྨན་ཁང་དུ་ལས་ཀ་བྱེད་དགོས་བྱུང་བའི་གནས་ཚུལ་ཡང་ཐོན་ཡོད།
ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ཕྲན་བུ་ལྷོད་དུ་གཏོང་བའི་སྐབས་སུ་མི་མང་པོས་འཚང་ཀ་ཡིས་ཆམ་པའི་སྨན་དང་། ཚ་བ་རྟོག་བྱེད་སོགས་ཀྱི་སྨན་ཉོས་པར་བརྟེན། ད་ལྟའི་ཆར་སྨན་དེ་དག་ཀྱང་ཧ་ཅང་དཀོན་པོ་གྱུར་ཡོད་འདུག མི་མང་པོས་ཟླ་འདིའི་ཚེས་༧ ཉིན་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ལྷོད་ཡངས་སུ་བཏང་བའི་དབང་གིས་ནད་པ་ཇེ་མང་དང་ནད་ཡམས་ཁྱབ་བརྡལ་དུ་འགྲོ་བ་རེད་ཅེས་བརྗོད་ཀྱི་ཡོད་ན་ཡང་། བདུན་ཕྲག་འདིའི་རེས་གཟའ་ལྷག་པའི་ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཛ་དྲག་འགན་འཛིན་མེ་ཁེ་(Mike Ryan) ཡིས་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ལྷོད་ཡངས་སུ་མ་བཏང་གོང་ནས་ནད་ཡམས་ཁྱབ་བརྡལ་ཆེན་མོ་འགྲོ་བཞིན་ཡོད་པ་རེད་ཅེས་བརྗོད་འདུག
ནད་ཡམས་དེའི་དབང་གིས་རྒྱ་ནག་ཏུ་དཔལ་འབྱོར་ཉམས་རྒུད་དང་མི་མང་ལ་འགྲོ་འདུག་གི་དཀའ་ངལ། ཟ་ཁང་དང་ཚོང་ཁང་མང་པོ་སྒོ་བརྒྱབ་པ། སློབ་གྲྭ་མང་པོ་སྒོ་བརྒྱབ་ནས་དྲྭ་ཐོག་ཏུ་འཛིན་གྲྭ་འཚོགས་བཞིན་པ་སོགས་ཀྱི་གནས་ཚུལ་མང་དག་ཅིག་འཐོན་བཞིན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
