རྒྱ་ནག་ནང་ཡེ་ཤུའི་ཆོས་དཔོན་མང་པོ་ཞིག་འཛིན་བཟུང་དང་བཙོན་འཇུག་བྱས་འདུག

རྒྱ་ནག་གཞུང་གིས་ཆོས་ལུགས་མི་སྣའི་ཐད་དོ་དམ་ནན་པོ་བྱེད་བཞིན་ཡོད་པ་ལྟར། ཉེ་ཆར་ཡེ་ཤུའི་ཆོས་དཔོན་མང་པོ་ཞིག་འཛིན་བཟུང་བྱས་འདུག་ལ། རང་ལོ་༡༨ མན་གྱི་བྱིས་པ་རྣམས་ལ་ཆོས་ལུགས་ཀྱི་སློབ་གསོ་སྤྲོད་ཆོག་གི་མེད་པའི་སྐོར་བརྗོད་འདུག

པར། Daily Wire

ཕྱི་ལོ་༢༠༢༦ ཟླ་༡ ཚེས་༦ ཉིན་(Daily Wire)ཞེས་པའི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་དོན་ལ། རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་ལུགས་ལ་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆོས་ཚོགས་ཀྱི་དབུ་ཁྲིད་མང་པོ་ཞིག་འཛིན་བཟུང་དང་བཀག་ཉར་བྱས་པའི་གནས་ཚུལ་ཐོན་འདུག ཁ་སང་གཟའ་མིག་དམར་ཉིན་གྱི་ཞོགས་པ་ནས་དགོང་མོ་བར་རྒྱ་ནག་གི་ཁྲིན་ཏུ་(Chengdu)གྲོང་ཁྱེར་ནང་ཡོད་པའི་ (Early Rain Covenant Church)ཞེས་པའི་ཡེ་ཤུའི་ཆོས་ཚོགས་ཀྱི་ཆོས་དཔོན་བདུན་འཛིན་བཟུང་བྱས་འདུག ཆོས་ཚོགས་དེ་ནི་རྒྱ་ནག་གཞུང་གིས་བཙུགས་པའི་གསང་བའི་ཆོས་ཚོགས་ཤིག་ཡིན་པ་བརྗོད་འདུག་ཅིང་།
རྒྱ་ནག་གཞུང་གིས་(Zion Church)ཞེས་པའི་གསང་བའི་ཆོས་ཚོགས་དེའི་ཆོས་དཔོན་རྣམས་འཛིན་བཟུང་བྱས་ནས་ཟླ་བ་འགའ་ཤས་ཀྱི་རྗེས་སུ། ཉེ་ཆར་ཡང་ཆོས་དཔོན་བདུན་འཛིན་བཟུང་བྱས་འདུག ཆོས་དཔོན་བུད་མེད་ཧྲུའུ་ཆུང་(Shu Qiong)ཞེས་པ་ཞིག་འཛིན་བཟུང་བྱེད་སྐབས། བུད་མེད་དེའི་ནང་མི་ཚོར། ཆོས་དཔོན་ཚོས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་རིགས་སྤེལ་གྱི་ཡོད་པའི་དོགས་གཞི་ཡོད་ཚུལ་ཉེན་རྟོག་པས་བཤད་ཡོད་འདུག དེ་དང་མཉམ་དུ་ཁྲིན་ཏུ་གྲོང་ཁྱེར་ནང་ཡོད་པའི་གོང་གསལ་ཡེ་ཤུའི་ཆོས་ཚོགས་ཀྱི་འོག་ཏུ་ཡོད་པའི་སློབ་གྲྭ་ (Early Rain Academy)དེར་ཡང་དམ་དྲག་བྱས་ཏེ། སློབ་གྲྭའི་འགོ་གཙོ་དང་སློབ་མ་རྣམས་ཕྱིར་ཕུད་བཏང་འདུག གཞན་ཡང་གསལ་བསྒྲགས་ཤིག་བཀྲམ་སྟེ་སློབ་གྲྭ་དེའི་ས་ཆའི་བདག་དབང་ཉེན་རྟོག་ལས་ཁུངས་ལ་ཡོད་པས། བདུན་ཕྲག་འདིའི་གཟའ་པ་སངས་སྔོན་ལ་ཅ་ལག་ཡོད་ཚད་ཕྱིར་བཏོན་ནས་གཙང་མ་བཟོ་དགོས་པའི་བཀའ་བཏང་ཡོད་འདུག
ཕྱི་ལོ་༢༠༡༨ ལོར་རྒྱ་ནག་གཞུང་གིས་ཆོས་ཚོགས་དེར་དྲག་གནོན་གྱི་ལས་འགུལ་མང་པོ་སྤེལ་ཡོད་འདུག་ལ། ཕྱི་ལོ་༢༠༡༩ ནང་ཆོས་ཚོགས་དེའི་ཆོས་དཔོན་ཝང་ཡི་(Wang Yi)ཞེས་པ་དེ་འཛིན་བཟུང་བྱས་ནས་མི་ལོ་དགུ་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་དེ་ད་ལྟ་བཙོན་ཁང་ནང་ཡོད་འདུག ཁོང་ལ་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་བཙུགས་ཡོད་འདུག ཆོས་དཔོན་ཁོང་ལ་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཚོགས་པས་(National Endowment for Democracy)དམངས་གཙོའི་ཞབས་ཞུའི་གཟེངས་རྟགས་(Democracy Service Medal)ཞེས་པ་དེ་གནང་ཡོད་འདུག
རྒྱ་ནག་གཞུང་གིས་ཆོས་ཚོགས་དེ་དག་གི་ཆོས་དཔོན་ཚོས་གཞུང་ལ་དེབ་སྐྱེལ་མ་བྱས་ཚེ་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་ཚུལ་དང་། མ་འོངས་པར་རྒྱ་ནག་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ཆོས་ཚོགས་རིགས་ལ་དམ་དྲག་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ། ཁྱིམ་ནང་གི་ཆོས་ཕྱོགས་བྱེད་སྒོ་ཁག་ལ་ཡང་དམ་དྲག་དང་བཀག་སྡོམ་བྱ་རྒྱུ་ཡིན་པས། མི་མང་སུས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱས་ཚེ་བཙོན་འཇུག་དང་ཉེས་ཆད་ཕོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག རང་ལོ་༡༨ མལ་གྱི་བྱིས་པ་རྣམས་ལ་ཆོས་ལུགས་ཀྱི་སློབ་གསོ་སྤྲོད་ཆོག་གི་མེད་པའི་སྐོར་བརྗོད་འདུག
དེ་བཞིན་དྲ་ཐོག་གི་ཆོས་ཕྱོགས་བྱེད་སྒོ་ཁག་ཀྱང་གཞུང་ལ་དེབ་སྐྱེལ་བྱེད་དགོས་པ་དང་། གལ་སྲིད་དེབ་སྐྱེལ་མ་བྱས་ཚེ་བཙོན་འཇུག་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག ཇེག་སོན་ (Jackson) ཞེས་པ་ཞིག་གིས་གསར་ཁང་ལ་བརྗོད་དོན་ལ། ད་ལྟ་ཨ་རིའི་སྲིད་འཛིན་ཊོམ་གྱིས་ངོས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ། རྒྱ་ནག་ནང་ཡོད་པའི་ཡེ་ཤུའི་ཆོས་ལུགས་རྗེས་འཇུག་པ་རྣམས་སྐྱོབ་རོགས་ཞེས་བརྗོད་འདུག་ལ། རྒྱ་ནག་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའང་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།