རྒྱ་ནག་ནང་རྒན་འཁོགས་མང་བའི་རྐྱེན་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་ཉེན་ཁ།

ད་ཆར་རྒྱ་ནག་ནང་ན་གཞོན་ཁྲོད་ལས་མེད་ཀྱི་གྲངས་ཀ་མཐོ་བ་དང་། ཏོག་དབྱིབས་ནད་དུག་སྐབས་སུ་གཞུང་གིས་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་པའི་རྐྱེན་གྱིས་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད་འདུག་ལ། དེ་བཞིན་ད་ཆར་རྒྱ་ནག་གི་ནང་དུ་རྒན་འཁོགས་མང་དུ་འགྲོ་བཞིན་ཡོད་འདུག་པར་བརྟེན། མ་འོངས་པའི་ལོ་ཤས་ནང་རྒྱ་ནག་གི་དཔལ་འབྱོར་ལ་དོོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་འདུག 

(པར། WION)

ཕྱི་ཚེས་༡༩ ཉིན་རྒྱ་གར་གྱི་(Wion)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཆར་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་ནི་རྒྱ་ནག་ནང་རྒན་འཁོགས་ཀྱི་གྲངས་ཀ་མཐོན་པོར་འགྱུར་བཞིན་ཡོད་འདུག་པ་དང་། མ་འོངས་པའི་ལོ་ཤས་ནང་རྒན་འཁོགས་ཀྱི་གྲངས་ཀ་དེ་ལས་ལྡབ་འགྱུར་མང་དུ་འགྲོ་རྒྱུ་ཡིན་པར་རྗོད་བཞིན་འདུག རྒན་འཁོགས་མང་དུ་ཕྱིན་ན་རྒྱ་ནག་གི་དཔལ་འབྱོར་ལ་ཉེན་ཁ་ཆེན་པོ་ཆགས་རྒྱུ་ཡིན་འདུག་པ་དང་། རྒྱུ་མཚན་ནི་ད་ཆར་རྒྱ་ནག་གི་བྱིས་པའི་སྐྱེས་གྲངས་ཧ་ཅང་ཉུང་དུ་ཕྱིན་ཡོད་འདུག་པར་བརྟེན། བྱིས་པའི་སྐྱེས་གྲངས་ཉུང་དུ་ཕྱིན་ཚེ་མ་འོངས་པར་ལས་མི་ཉུང་དུ་འགྲོ་རྒྱུ་དང་། ལས་མི་ཉུང་དུ་སོང་ན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་པ་མ་ཟད། རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ཁག་པོ་ཆགས་རྒྱུ་ཡིན་འདུག (Reuter)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༣ ལོར་རྒྱ་ནག་གི་བྱིས་པའི་སྐྱེས་གྲངས་ཧ་ཅང་ཉུང་དུ་གྱུར་ཡོད་འདུག་པ་དང་། དེ་བཞིན་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་མི་ཕོན་ཆེན་འདས་གྲོངས་སུ་ཕྱིན་པས་རྒྱ་ནག་གི་མི་འབོར་ཧ་ཅང་ཉུང་དུ་ཕྱིན་ཡོད་འདུག རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་མ་འོངས་ཕུགས་རྒྱང་རིང་པོའི་དཔལ་འབྱོར་འཕེལ་རྒྱས་དང་དཔལ་འབྱོར་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་འཕྲད་རྒྱུ་ཡིན་འདུག་པ་དང་། ལས་མིའི་མི་གྲངས་ཉུང་དུ་ཕྱིན་ན་སྤྱི་ཡོངས་མི་འབོར་གྱི་སྒྲོམ་གཞི་ཆ་མ་སྙོམས་ནས་ཁྱིམ་ཚང་སོ་སོའི་ཡོང་འབབ་དང་རྒན་ཕོགས། དེ་བཞིན་རྒན་འཁོགས་རྣམས་ལ་གཞུང་གིས་ལྟ་སྐྱོང་བྱེད་ཕྱོགས་ཐད་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་འདུག མ་ཟད་རྒྱ་ནག་ནང་ཁྱིམ་ཚང་སོ་སོའི་ཡོང་འབབ་དེ་ཧ་ཅང་ཉུང་དུ་འགྲོ་བཞིན་ཡོད་འདུག རྒྱུ་མཚན་ནི་ཁྱིམ་ཚང་གཅིག་ནང་ལས་ཀ་བྱས་ཏེ་ཡོང་འབབ་གསོག་མཁན་ལས་གསོ་སྐྱོང་བྱེད་དགོས་པའི་རྒན་འཁོགས་མང་བ་ཡོད་འདུག་པ་དང་། མ་འོངས་ལོ་ངོ་བཅུ་ཕྲག་གཅིག་དང་གཉིས་ཀྱི་རྗེས་སུ་རྒན་ཡོལ་ཞུ་མཁན་ནམ་རྒན་འཁོགས་མང་དུ་ཕྱིན་ནས་དེ་བས་ཀྱང་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་འདུག ད་ལྟ་རྒྱ་ནག་གི་མི་འབོར་གྱི་སྒྲོམ་གཞིའི་ནང་དུ་ལོ་ན་༥༠ ནས་༦༠ བར་གྱི་མི་འབོར་དེ་ས་ཡ་༣༠༠ ཡོད་འདུག་པ་དང་། དེ་ནི་ཨ་རིའི་མི་འབོར་ཆ་ཚང་ལྟ་བུར་ཡིན་འདུག ལོ་བཅུའི་རྗེས་མི་འབོར་ས་ཡ་༣༠༠ རྣམས་རྒན་འཁོགས་ཆགས་ནས་རྒན་ཡོལ་ཞུ་རྒྱུ་ཡིན་པར་བརྟེན། རྒྱ་ནག་གི་མི་འབོར་སྒྲོམ་གཞིའི་ནང་གི་ལས་མི་ས་ཡ་༣༠༠ ཙམ་མེད་པར་གྱུར་ནས་དཔལ་འབྱོར་འཕེལ་རྒྱས་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་འདུག ད་ལྟ་ནས་རྒྱ་ནག་གི་རྒན་ཕོགས་སྤྲོད་རྒྱུ་དེ་སྔར་ལས་མང་དུ་འགྲོ་བཞིན་ཡོད་འདུག་པ་དང་། རྒྱ་ནག་གི་(the Chinese Academy of Sciences )ཟེར་བའི་རྒྱ་ནག་གི་ཚན་རིག་མཁས་པ་དག་གིས་ཚོད་དཔག་བྱས་དོན་ལ། ༢༠༣༥ ནང་རྒྱ་ནག་ནང་རྒན་འཁོགས་རྣམས་ལ་རྒན་ཕོགས་སྤྲོད་རྒྱུ་དེ་དངུལ་རྩིས་འཆར་འགོད་ལས་མང་དུ་ཕྱིན་ནས་དངུལ་གྱི་མི་འདང་བ་ཆགས་རྒྱུ་ཡིན་པར་རྗོད་ཀྱི་ཡོད་འདུག དེ་བཞིན་མི་མང་པོ་ཞིག་རྒན་ཡོལ་གྱི་ཡོང་འབབ་ཁོ་ན་ལ་བརྟེན་ནས་འཚོ་དགོས་འཁེལ་གྱི་ཡིན་པར་རྗོད་ཀྱི་ཡོད་འདུག་ལ།  ད་ཆར་རྒྱ་ནག་ནང་གི་ས་ཁུལ་མང་པོ་ཞིག་གྲོང་ཁྱེར་ལ་སྒྱུར་བཞིན་ཡོད་འདུག་པར་བརྟེན། ཕྲུ་གུ་ཡིས་ཕ་མ་ལ་ལྟ་སྐྱོང་བྱེད་ཕྱོགས་ཐད་ལ་ཡང་འགྱུར་བ་འགྲོ་བཞིན་ཡོད་འདུག ལས་མིའི་གྲངས་ཀ་ཉུང་དུ་གྱུར་ནས་རྒན་ཕོགས་སྤྲོད་ཕྱོགས་ཐད་ལ་ཡང་དཀའ་ངལ་འཕྲད་རྒྱུ་ཡིན་འདུག་ལ།  རྒྱ་ནག་གི་མི་འབོར་གྲངས་བཤེར་བྱེད་མཁན་དག་གིས་བརྗོད་དོན་ལ། ད་ལྟ་ནང་བཞིན་དཀའ་ངལ་དེ་གསལ་མ་ཐུབ་ནས་མུ་མཐུད་དུ་ཕྱིན་ན་ཕྱི་ལོ་༢༠༥༠ དུས་སུ་ཚབས་ཆེའི་དཀའ་ངལ་ཞིག་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག རྒན་འཁོགས་མི་འབོར་མང་པོ་ཡོད་ན་རྒན་ཕོགས་སྤྲོད་རྒྱུའི་ཐད་ལ་དཀའ་ངལ་འཕྲད་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་ལ་གནོད་ཀྱི་ཡོད་འདུག ད་ལྟ་རྒྱ་ནག་ནང་གི་མི་འབོར་སྒྲོམ་གཞིའི་ནང་མི་འབོར་མང་ཤོས་གཉིས་པ་དེ་ལོ་ན་༣༠ ནས་༤༩ བར་གྱི་མི་འབོར་ཡིན་འདུག་པ་དང་། ཁོང་ཚོ་རྒན་འཁོགས་སུ་འགྱུར་དུས་རྒྱལ་ནང་གི་འགྲོ་གྲོན་ཉུང་དུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག ལོ་ན་༢༠ ནང་ཡིན་མཁན་གྱི་རྒྱ་ནག་གི་མི་འབོར་སྒྲོམ་གཞིའི་ནང་ཕྱི་ལོ་༡༩༥༠ ཙམ་ནས་ད་བར་མི་འབོར་ཉུང་ཤོས་དེ་ཡིན་འདུག རྒྱུ་མཚན་ནི་བྱིས་པ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་དེ་ཡིས་གནོད་སྐྱོན་ཆེན་པོ་བཏང་ཡོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།