རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་འགོ་ཁྲིད་མང་པོ་ཞིག་འཛིན་བཟུང་དང་སྲོག་ཁྲིམས་ཀྱང་གཅོད་རྒྱུ་ཡིན་འདུག 

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་ཆའི་འོག་རྒྱ་ནག་གི་གྲོང་ཁྱེར་སྤྱི་ཁྱབ་དང་། བོད་རང་སྐྱོང་ལྗོངས་ཟེར་བ་དེའི་དམར་ཤོག་གི་འགོ་ཁྲིད་གཞོན་པ་སོགས་འགོ་ཁྲིད་མང་པོ་ཞིག་འཛིན་བཟུང་དང་ཞིབ་བཤེར། སྲོག་ཁྲིམས་ཀྱང་ཕོག་ཡོད་པའི་ཁྱབ་བསྒྲགས་བྱས་འདུག 

ཕྱི་ཚེས་༨ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཝུ་ཧན་གྲོང་ཁྱེར་སྤྱི་ཁྱབ་པ་ཟུར་པ་(Zhou Xianwang)་ཀྲོའོ་ཤན་ཝང་ཟེར་བ་དེ་ད་ཆར་འཛིན་བཟུང་བྱས་ཏེ་ཞིབ་བཤེར་བྱེད་བཞིན་ཡོད་པ་རྒྱ་ནག་དབུས་སྒྲིག་ཁྲིམས་ལྷན་ཁང་ནས་ཁྱབ་བསྒྲགས་བྱས་འདུག་ལ། འགོ་ཁྲིད་དེ་ཡིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཚབས་ཆེན་འགལ་བའི་བྱ་སྤྱོད་སྤེལ་ཡོད་པར་བརྗོད་འདུག ཀྲོའོ་ཤན་ཝང་ནི་ཕྱི་ལོ་༢༠༡༩ ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པའི་སྐབས་དེར། མི་མང་ཁྲོད་ནད་དུག་སྐོར་ཁྱབ་བསྒྲགས་དུས་ཐོག་ཏུ་མ་བྱས་པའི་དབང་གིས་མི་མང་ཁྲོད་སྐྱོན་བརྗོད་དང་། ལས་གནས་ནས་དགོངས་པ་ཞུ་དགོས་པ་སོགས་ཀྱི་ངོ་རྒོལ་རྒྱ་ཆེར་བྱུང་ཡོད་འདུག་ཅིང་། ཝུ་ཧན་ལྟ་བུར་མཚོན་ན་གྲོང་ཁྱེར་ནང་མི་འབོར་ས་ཡ་༡༡ ཙམ་ཡོད་ཀྱང་། ཕྱི་ལོ་༢༠༢༠ ལོའི་ལོ་གསར་འཚོགས་བཅུག་ནས་མི་མང་ཁྲོད་ནད་དུག་རྒྱ་ཆེར་ཁྱབ་གདལ་ཕྱིན་པ་སོགས་ཀྱི་སྐྱོན་བརྗོད་བྱས་འདུག 

མི་དེ་ཕྱི་ལོ་༢༠༢༡ བར་གྲོང་ཁྱེར་སྤྱི་ཁྱབ་བྱས་ནས་བསྡད་ཡོད་འདུག་ཀྱང་། འདི་ལོའི་ཕྱི་ཟླ་༢ པའི་ནང་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་འཛིན་བཟུང་དང་། ད་ལྟ་ཞིབ་བཤེར་བྱེད་བཞིན་ཡོད་འདུག དོགས་གཞི་ཆེ་ཤོས་བྱེད་ས་ནི་ཝུ་ཧན་ནང་ཐོག་མར་ནད་དུག་ཁྱབ་བཞིན་པའི་སྐབས་སུ་ཁྱིམ་སྡོད་བཀག་རྒྱ་བཏང་ནས་ཉིན་གྲངས་༧༦ རིང་མི་མང་རྣམས་ལ་གཞི་རྩའི་དགོས་མཁོ་ཆེ་བའི་སྨན་དང་།    འཕྲོད་བསྟེན་ཡོ་ཆས་རྣམས་སྤྲད་ཡོད་མི་འདུག་པར་བརྟེན། འགོ་ཁྲིད་དེས་སྨན་དང་ཡོ་ཆས་སོགས་ལྐོག་ཟ་རུལ་སུངས་ཕོན་ཆེན་པོ་བྱས་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག 

དེ་བཞིན་(Hunan )ཧོས་ནན་ཞིང་ཆེན་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁ་སང་ཚེས་༨ ཉིན་ཁྱབ་བསྒྲགས་བྱས་དོན། བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་གཞོན་པ་ཟུར་པ་(Wang Yong)ཝང་ཡུང་གིས་ལྐོག་རྔན་རྒྱ་སྒོར་ས་ཡ་༢༧༡ ལྷག་བླངས་པའི་ཉེས་མིང་འོག་སྲོག་ཁྲིམས་ཕོག་ཡོད་འདུག་ཀྱང་། ནག་ཉེས་ངོས་ལེན་བྱས་པ་ལ་བརྟེན་ནས་ལོ་གཉིས་ཕྱིར་འགྱངས་བྱས་ཡོད་འདུག (Wang Yong)ཝང་ཡུང་གིས་ཕྱི་ལོ་༢༠༠༧ ནས་༢༠༢༣ བར་ལས་གནས་འདྲ་མིན་དང་། གོ་གནས་འདྲ་མིན་གྱི་ཐོག་ནས་རང་གི་དབང་ཆ་བེད་སྤྱོད་ལོག་པར་བཏང་ནས་མི་སྒེར་གྱི་ཁྱད་ལས་དང་། གོ་གནས་སྤར་བ། རང་གི་ཁེ་ཕན་དོན་དུ་གཉེར་བ་སོགས་བྱས་ནས་ལྐོག་རྔན་ཁྱོན་རྒྱ་སྒོར་ས་ཡ་༢༧༡ ལྷག་བླངས་ཡོད་པའི་ནག་ཉེས་བཙུགས་ཡོད་འདུག འདས་པའི་ལོའི་ནང་རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཁང་ཟེར་བ་དེ་ཡིས། ཝང་ཡུང་གིས་(Guizhou)ཀུའེ་ཀྲོས་ཞིང་ཆེན་མཁའ་ལམ་འགྲིམ་འགྲུལ་ཁང་གི་འགན་འཛིན་གཞོན་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བ་དེའི་འགོ་ཁྲིད་གཞོན་པ་སོགས་ཀྱི་གོ་གནས་བདེ་སྤྱོད་ལོག་པར་བཏང་ནས། ལྐོག་རྔན་ཕོན་ཆེན་བླངས་པ་དང་། གཞུང་གི་དངོས་ཟོག་ཚོང་བསྒྱུར་བྱས་ནས་རང་གི་ཁེ་ཕན་བླངས་པ་སོགས་ཀྱི་ཉེས་མིང་འོག་འཛིན་བཟུང་དང་ཞིབ་བཤེར་བྱས་ཡོད་འདུག་ཅིང་། མི་དེ་དམར་ཤོག་གི་ཚོགས་མིའི་ཁོངས་ནས་ཕྱིར་འཕུད་དང་། བོད་རང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༠ ཟེར་བའི་འཐུས་མིའི་ཐོབ་ཐང་ཕྱིར་བསྡུ། ཚེ་གང་གི་ཆབ་སྲིད་ཀྱི་དབང་ཆ་ཚང་མ་འཕྲོག་རྒྱུ་ཡིན་འདུག་ལ། དེ་བཞིན་རྒྱུ་ནོར་ཡོད་ཚད་གཞུང་བཞེས་གཏོང་རྒྱུ་ཡིན་འདུག 

གསར་འགོག་པ། བསོད་ནམས་ཕུན་ཚོགས།