རྒྱ་ནག་ནང་སོལ་རླངས་གས་ཐོར་གྱིས་མི་གྲངས་༣༡ ཚེ་སྲོག་ཤོར་འདུག
ཟླ་འདིའི་ཚེས་༢༢ ཉིན་(CNN) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་ཟ་ཁང་ཞིག་ལ་སོལ་རླངས་གས་ཐོར་བྱུང་ནས་ད་བར་མི་གྲངས་༣༡ གི་ཚེ་སྲོག་ཤོར་ཡོད་པ་མ་ཟད་མི་བདུན་ལ་རྨས་སྐྱོན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༡ ཉིན་གྱི་དགོང་མོ་རྒྱ་ནག་གི་ཡིན་ཁྲོན་(Yinchuan) ཞེས་པའི་གྲོང་ཁྱེར་ནང་སྲེག་མའི་གསོལ་སྟོན་ཁང་(Barbecue restaurant) ལ་སོལ་རླངས་གས་ཐོར་གྱི་གནས་ཚུལ་བྱུང་ཡོད་འདུག་ལ། གྲོང་ཁྱེར་དེ་ནི་རྒྱ་ནག་གི་ནིན་ཤར་རང་སྐྱོང་ལྗོངས་(Ningxia autonomous) ཟེར་བའི་ཁུལ་གྱི་གྲོང་ཁྱེར་ལྟེ་བ་དེ་ཆགས་ཡོད་འདུག
གནས་ཚུལ་དེ་ནི་རྒྱ་ནག་ནང་ཉིན་གསུམ་རིང་གི་འབྲུག་གྲུའི་དུས་ཆེན་(Dragon Boat Festival) མ་བསླེབས་པའི་སྔ་ནུབ་དེར་བྱུང་ཡོད་འདུག ད་ལྟའི་ཆར་སོལ་རླངས་གས་ཐོར་གྱིས་རྐྱེན་པས་མཐོ་རིམ་སློབ་གཉེར་བ་དང་རྒས་ཡོལ་ཟིན་པའི་མི་སྣ་ཁག་ཅིག་བཅས་ཁྱོན་མི་གྲངས་༣༡ འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད་མི་གྲངས་༧་ལ་རྨས་སྐྱོན་ཕོག་ཡོད་པའི་ནང་ནས་མི་གཅིག་ཛ་དྲག་གི་གནས་སྟངས་འོག་ལྷག་ཡོད་འདུག
བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ་ལྟར་ན། རྒྱ་ནག་གཞུང་གིས་གནས་ཚུལ་དེ་བྱུང་ནས་བཟུང་མེ་གསོད་མཁན་དང་ཉེན་སྐྱོབ་རུ་ཁག་བཅས་མི་གྲངས་༡༠༠ དང་རླངས་འཁོར་༢༠ བཅས་བཏང་ནས་ཟླ་འདིའི་ཚེས་༢༢ ཉིན་གྱི་ཞོགས་པ་ཆུ་ཚོད་༤:༠༠ པ་བར་ཉེན་སྐྱོབ་ཀྱི་ལས་ཀ་བྱས་ཡོད་འདུག
ས་གནས་སུ་མེ་གསོད་མཁན་ཞིག་གིས་བརྗོད་གསལ་ལྟར་ན། སོལ་རླངས་གས་ཐོར་གྱི་གནས་ཚུལ་མ་ལྷག་གོང་གི་ཆུ་ཚོད་གཅིག་གི་སྔོན་ནས་ཟ་ཁང་གི་ལས་མི་གཉིས་ཀྱིས་སོལ་རླངས་ཀྱི་དྲི་མ་བྲོ་སོང་ཞེས་བརྗོད་འདུག
ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་ཐན་ཅིན་གྲོང་ཁྱེར་དུ་རྫས་འགྱུར་འབར་གས་ཀྱིས་མི་གྲངས་ ༡༧༣ གྱི་ཚེ་སྲོག་ཤོར་ཡོད་པར་བརྟེན། མི་མང་བདེ་འཇགས་ཀྱི་ཐོག་ལ་ཤུགས་སྣོན་འཕར་མ་བརྒྱབ་ཡོད་པར་བརྗོད་ཀྱང་། རྒྱ་ནག་ཏུ་སོལ་རླངས་གས་ཐོར་དང་རྫས་འགྱུར་འབར་གས་བཅས་ཀྱི་དོན་རྐྱེན་མུ་མཐུད་ནས་ཡང་ཡང་ལྷག་གི་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།