རྒྱ་ནག་ནང་སློབ་ཐོན་ལག་ཁྱེར་གད་སྙིགས་བླུག་སྣོད་དུ་གཡུག་བཞིན་ཡོད་འདུག
རྒྱ་གར་གྱི་(Firstpost) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་ལས་མེད་ཀྱི་གྲངས་འབོར་ཧ་ཅང་མང་བ་དང་། བསླབ་པ་མཐར་སོན་གྱི་སློབ་གཉེར་བ་མང་པོས་སློབ་ཐོན་གྱི་ལག་ཁྱེར་བེད་མེད་ལྟ་བུར་མཐོང་ནས་གད་སྙིགས་བླུག་སྣོད་དུ་གཡུག་བཞིན་པ་མ་ཟད། སློབ་མ་མང་པོ་ཞིག་ནི་སློབ་གྲྭ་ནས་ཐོན་འདོད་མེད་པའི་གནས་སུ་གྱུར་ཡོད་པའི་གནས་ཚུལ་བཀོད་འདུག

ཕྱི་ལོ་༢༠༡༩ ཟླ་ ༤ པའི་ནང་རྒྱ་ནག་ཏུ་ནད་ཡམས་མ་ཁྱབ་པའི་སྔོན་དུ་གཞོན་སྐྱེས་ལས་མེད་ཀྱི་གྲངས་འབོར་ནི་བརྒྱ་ཆ་༡༠% ཟིན་ཡོད་པ་དང་། ལོ་འདིའི་ཕྱི་ཟླ་༥ པའི་ནང་རྒྱ་ནག་ཏུ་ལོ་ན་༡༦ ནས་༢༤ བར་གྱི་གཞོན་སྐྱེས་ལས་མེད་ཀྱི་བརྒྱ་ཆ་ནི་༢༠.༨% ཟིན་འདུག་པས། འདས་པའི་ལོ་ཁ་ཤས་ཀྱི་རིང་རྒྱ་ནག་ནང་གཞོན་སྐྱེས་ལས་མེད་ཀྱི་གྲངས་ཚད་ཕོན་ཆེན་འཕར་ཡོད་འདུག
པེ་ཅིང་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལོག་ཧྥིང་(Lu Feng) གིས་བརྗོད་གསལ་ལྟར་ན། རྒྱ་ནག་ནང་ལོ་ན་༡༦ ནས་༢༤ བར་གྱི་གཞོན་སྐྱེས་ས་ཡ་༩༦ ཡོད་པའི་ནང་ནས་མང་པོ་ཞིག་ནི་སློབ་ཕྲུག་ཆགས་ཀྱི་ཡོད་པ་དང་། ལས་ཞུགས་ཐུབ་པའི་གཞོན་སྐྱེས་ས་ཡ་༣༣ ཡོད་རུང་ད་ལྟའི་ཆར་གཞོན་སྐྱེས་ལྔ་ཆ་གཅིག་ལ་ལས་ཀ་རག་གི་མེད་པར་བརྟེན། རྒྱ་ནག་ནང་གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་དེ་དུས་ཡུན་ཐུང་ངུའི་ནང་མེད་པ་ཆགས་རྒྱུ་ཁག་པོ་རེད་ཅེས་བརྗོད་འདུག
ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ལོ་འདིའི་ནང་རྒྱ་ནག་ནང་གཞོན་སྐྱེས་ས་ཡ་༡༡.༦ ལྷག་མཐོ་རིམ་སློབ་གྲྭ་ཐོན་གྱི་ཡོད་པས་རྒྱ་ནག་ནང་གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་ཆེ་རུ་འགྲོ་རྒྱུ་ཡིན་པའི་གནས་ཚུལ་བཀོད་འདུག
ད་ལྟའི་ཆར་རྒྱ་ནག་ནང་གཞོན་སྐྱེས་རྣམས་སློབ་གྲྭ་ཐོན་ཡང་ལས་མེད་ཀྱི་དཀའ་ངལ་ཡོད་པར་བརྟེན། མཐོ་སློབ་ཏུ་འགྲིམ་བཞིན་པའི་སློབ་གཉེར་བ་མང་པོས་བསམ་བཞིན་དུ་ཡིག་རྒྱུགས་མ་འཕྲོད་པར་བྱེད་བཞིན་ཡོད་པ་མ་ཟད། བསླབ་པ་མཐར་སོན་གྱི་སློབ་མ་མང་པོས་སློབ་ཐོན་གྱི་ལག་ཁྱེར་གད་སྙིགས་བླུག་སྣོད་ཀྱི་ཁྲོད་དུ་གཡུག་བཞིན་ཡོད་འདུག ལྷག་པར་དུ་རྒྱ་ནག་ནང་བསླབ་པ་མཐར་སོན་གྱི་ཉིན་དེར་སློབ་མ་མང་པོ་ཞིག་ངལ་དུབ་ཀྱིས་བཟིས་ནས་ཐང་སྟེང་དང་སྐས་འཛེགས་ཐོག་ཏུ་ཉལ་བ་དང་རྐུབ་སྟེགས་ལ་བསྙལ་བཞིན་པའི་པར་མང་དག་ཅིག་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་བཞིན་ཡོད་འདུག།
རྒྱ་ནག་ནང་ལས་མེད་ཀྱི་དཀའ་ངལ་དེ་ལྟ་བུ་འཕྲད་དགོས་དོན་ནི་ཨུ་རུ་སུ་དང་ཡུག་རེན་བར་གྱི་དམག་འཁྲུག་དང་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ལག་བསྟར་བྱས་པའི་ཤུགས་རྐྱེན། དེ་བཞིན་ཨ་རྒྱའི་འབྲེལ་ལམ་ལ་དོ་ཕོག་བྱུང་བ་དང་རྒྱ་ནག་གཞུང་གིས་བཟོ་ཚོང་ཁང་སོགས་ལ་རྡུང་རྡེག་དྲག་པོ་བཏང་བའི་དབང་གིས་དཀའ་ངལ་དེ་དག་འཕྲད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།