རྒྱ་ནག་ནང་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་རྒྱང་སྲིང་བཀག་སྡོམ།

ཟླ་འདིའི་ཚེས་༢༧ ཉིན་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་ཀྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་གཉིས་ཀྱི་འོས་མི་གཉིས་བར་བགྲོ་གླེང་ཐེངས་དང་པོ་དེ་བྱས་ཡོད་པ་དང་། བགྲོ་གླེང་གི་ཐད་གཏོང་དེ་འཛམ་གླིང་ཡུལ་གྲུ་གང་སར་ནས་བལྟས་ཡོད་ཀྱང་། རྒྱ་ནག་ནང་ཐད་གཏོང་རྒྱང་སྲིང་དེ་བཀག་འགོག་བྱས་ཡོད་འདུག

14470882_1267696563254210_1902939488_nདེ་ཡང་ཟླ་འདིའི་ཚེས་༢༧ ཉིན་གྱི་ཧོང་ཀོང་རང་དབང་གསར་ཤོག་སྟེང་དུ་གནས་ཚུལ་འཁོད་གསལ། རྒྱ་གཞུང་གི་བརྙན་འཕྲིན་བརྒྱུད་ལམ་འཛིན་སྐྱོང་ལས་ཁུངས་ཀྱིས། བརྙན་འཕྲིན་བརྒྱུད་ལམ་ཁག་ལ་ཨ་རིའི་སྲིད་འཛིན་འོས་བསྡུའི་བགྲོ་གླེང་དེ་ཐད་གཏོང་རྒྱང་སྲིང་བྱེད་མི་ཆོག་པ་དང་། གལ་ཏེ་རྒྱང་སྲིང་བྱེད་བཞིན་ཡོད་ཚེ་ལམ་སེང་མཚམས་འཇོག་དགོས་པའི་བཀའ་བཏང་ཡོད་འདུག

དེ་ཡང་བགྲོ་གླེང་སྐབས་སུ་རྒྱ་ནག་ཅེས་པའི་མིང་ཚིག་འདི་ཐེངས་མང་པོར་ཐོན་ཡོད་པ་རེད། དེ་བཞིན་བརྗོད་གཞི་གཞན་དཔལ་འབྱོར་དང་འཇིགས་སྐུལ་རིང་ལུགས་པ། གནམ་གཤིས་འགྱུར་ལྡོག དྲ་རྒྱའི་བདེ་འཇགས། ཚོང་འབྲེལ། མི་རིགས་ཀྱི་གནད་དོན་སོགས་ཀྱི་ཐོག་ལ་གླེང་སློང་བྱས་ཡོད་པ་རེད་འདུག

ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་དང་འབྲེལ་ནས་ཆབ་སྲིད་ཚོགས་པ་ཆེ་ཁག་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་འོས་མི་ལྕམ་ཧི་ལ་རཱི་ཁེ་ལེན་ཊོན་དང་སྐུ་ཞབས་ཌི་ནལ་ཊི་རམ་བར་ལ་བགྲོ་གླེང་གསུམ་བྱེད་རྒྱུ་ཡིན་པ་དང་། ཐེངས་གཉིས་པ་དང་གསུམ་པ་གཉིས་ཟླ་༡༠ པའི་ཚེས་༩ དང་༡༩ བཅས་ལ་བྱེད་རྒྱུ་རེད་འདུག ཨ་རི་ནི་འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་ཆེ་ཤོས་ཡིན་པས། དེའི་སྲིད་འཛིན་འོས་བསྡུ་ལ་འཛམ་གླིང་ཕྱོགས་གང་ས་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

འོས་བསྡུ་དངོས་གཞི་དེ་ཟླ་༡༡ པའི་ཚེས་༨ ཉིན་བྱེད་རྒྱུ་ཡིན་པ་རེད་འདུག་པ་དང་། གལ་ཏེ་ལྕམ་ཧི་ལ་རཱི་ལ་སྲིད་འཛིན་འོས་ཐོབ་ཚེ། ཁོང་ཨ་རིའི་ལོ་རྒྱུས་ནང་བུད་མེད་སྲིད་འཛིན་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།