རྒྱ་ནག་དམར་ཤོག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༡༩ པ་འགོ་འཛུགས།
ཞི་ཅི་ཕིང་གིས་ཚོགས་ཆེན་ཐོག་རྒྱ་ནག་གིས་གཏན་ནས་ཕྱི་རྒྱལ་བའི་ཆབ་སྲིད་ལམ་ལུགས་དཔེ་བཤུས་བྱེད་མི་རུང་བའི་སྐོར་བརྗོད་ཡོད་པ་དང་། ཤིན་ཅང་དང་། བོད། ཧོང་ཀོང་བཅས་ནང་བྱུང་བའི་ཁ་བྲལ་བའི་ལས་འགུལ་དཔེ་མཚོན་དུ་བགྲངས་ནས་ཉེན་བརྡ་བཏང་ཡོད་འདུག
སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༨ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་དམར་ཤོག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༡༩ པ་དེ་ཉེན་སྲུང་ཤུགས་ཆེན་པོའི་འོག་འགོ་འཛུགས་བྱས་ཡོད་པ་དང་། ཚོགས་ཆེན་ཐོག་འཐུས་མི་༢༠༠༠ ལྷག་འཛོམས་ཡོད་པ་རེད།
ཚོགས་ཆེན་འདི་ལོ་ལྔ་རེའི་མཚམས་སུ་ཐེངས་རེ་འཚོགས་ནས་མ་འོངས་པའི་ལོ་༥ ཡི་རིང་རྒྱལ་ཁབ་ཀྱི་སྲིད་འཛིན་སུས་བྱེད་དགོས་མིན་དང་། རྒྱ་ནག་གི་ཁ་ཕྱོགས་ག་རེ་ཡིན་མིན་བཅས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།
ཕྱི་ལོ་༢༠༡༢ ལོར་ཞི་ཅི་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་ནས་འདས་པའི་མི་ལོ་༥ ཡི་རིང་ཁོང་གི་དབང་ཆ་ཤུགས་ཇེ་ཆེར་སོང་ཡོད་པ་མ་ཟད། མ་འོངས་པའི་ལོ་ལྔའི་རིང་ལ་ཁོང་མུ་མཐུད་སྲིད་འཛིན་ཆགས་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཚོགས་ཆེན་གྲུབ་མཚམས་སུ་མི་རིང་བར་རྒྱ་ནག་དམར་ཤོག་གི་ཆེས་མཐོའི་དབང་འཛིན་མི་སྣ་ཆབ་སྲིད་ཅུས་ཀྱི་ཆེས་མཐོའི་རྒྱུན་ལས་གསར་པ་རྣམས་སུ་ཡིན་མིན་ཕྱིར་བསྒྲགས་བྱེད་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
ཚོགས་ཆེན་གྱི་ཟུར་ཉན་པ་མང་པོ་ཞིག་གིས་ཚོགས་ཆེན་ཐོག་ཞི་ཅི་ཕིང་ནས་དམར་ཤོག་ཚོགས་པའི་ནང་ཁོ་རང་གི་དབང་ཆ་བརྟན་སྲུང་ཡོང་ཐབས་བྱེད་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
ཚོགས་ཆེན་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་གིས་དུས་རབས་གསར་པ་འདིར་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བརྟེན་ནས་འཛམ་གླིང་ནང་དུ་རྒྱ་ནག་གི་ནུས་ཤུགས་ཆེ་རུ་སོང་ཡོད་པ་མངོན་གསལ་རེད་ཅེས་དང་། རྒྱ་ནག་གིས་གཏན་ནས་ཕྱི་རྒྱལ་བའི་ཆབ་སྲིད་ལམ་ལུགས་དཔེ་བཤུས་བྱེད་མི་རུང་བའི་སྐོར་བརྗོད་ཡོད་འདུག་པ་མ་ཟད། ཤིན་ཅང་དང་། བོད། ཧོང་ཀོང་བཅས་ནང་བྱུང་བའི་ཁ་བྲལ་ལས་འགུལ་ལ་དཔེ་མཚོན་དུ་བགྲངས་ནས་ཉེན་བརྡ་བཏང་ཡོད་པ་དང་། ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ནི་རྒྱལ་ཁབ་ཀྱི་རྩ་དོན་ཆགས་ཀྱི་ཡོད་སྐོར་ཡང་ནས་བསྐྱར་དུ་བརྗོད་ཡོད་འདུག
དེ་བཞིན་རྒྱ་ནག་གིས་འཛམ་གླིང་ལ་སྒོ་མོ་ཕྱེས་ཏེ་ཕྱི་རྒྱལ་བའི་མ་འཛུགས་ལ་འགོག་རྐྱེན་ཆུང་དུ་གཏོང་བ་སོགས་ཀྱིས་མཚོན་པའི་དཔལ་འབྱོར་ལམ་ལུགས་ལ་ལེགས་བཅོས་ཤུགས་ཆེ་རུ་གཏོང་རྒྱུའི་དམ་བཅའ་བཞག་ཡོད་སྐོར་དང་། དམར་ཤོག་ཚོགས་པའི་ནང་ཁུལ་དུ་ལས་བྱེད་ས་ཡ་གཅིག་ལྷག་གི་རུལ་སུངས་བྱ་སྤྱོད་ལ་རྒོལ་རྡུང་གི་ཆད་པ་བཅད་ཡོད་སྐོར་སོགས་བརྗོད་ཡོད་འདུག
རྒྱ་ནག་གི་རྒྱལ་ས་པེ་ཅིང་ན་ཚོགས་ཆེན་ལ་འཚམས་འདྲིའི་ཆེད་དུ་འཕྲེད་དར་སྣ་ཚོགས་བཏགས་ཏེ་མཛེས་རྒྱན་གྱིས་ཡོངས་སུ་སྤྲས་ཡོད་ཀྱང་། དམ་དྲག་ཤུགས་ཆེན་པོ་བྱེད་ཀྱི་ཡོད་འདུག་པ་མ་ཟད། བདུན་ཕྲག་འདིའི་འགོ་སྟོད་ནས་མེ་འཁོར་འབབ་ཚིགས་དང་སྐྱེལ་འདྲེན་ས་ཚིགས་ཁག་ཏུ་ཞིབ་བཤེར་དོ་དམ་པ་འཕར་མ་བསྐོ་བཞག་བྱས་ཡོད་འདུག དེ་བཞིན་ཚོགས་ཆེན་འཚོགས་པ་ལ་བརྟེན་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་སྟབས་ཟ་ཁང་དང་། ལུས་སྦྱོང་ཁང་། མཚན་ཚོགས་ཁང་། རོལ་དབྱངས་ཁང་སོགས་མི་ཉུང་བ་ཞིག་སྒོ་བརྒྱབས་འཇུག་པས་མཚོན་པའི་པེ་ཅིང་གི་ཚོང་ལས་བྱ་བཞག་ཁག་ཅིག་ལ་ཤུགས་རྐྱེན་ཐེབས་ཡོད་འདུག
ཞི་ཅི་ཕིང་སྲིད་འཛིན་ཆགས་ནས་བཟུང་ཁྲིམས་རྩོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ལ་ཞིབ་བཤེར་དང་འཛིན་བཟུང་བྱེད་རྒྱུ་ཤུགས་ཆེ་རུ་སོང་ཡོད་ཁར། དམར་ཤོག་ཚོགས་པ་ནང་ཁུལ་དང་། རྒྱ་ནག་གི་སྤྱི་ཚོགས་ཁྱོན་དུ་དབང་བསྒྱུར་ཤུགས་ཆེ་རུ་སོང་ཡོད་འདུག་པ་མ་ཟད། རྒྱ་ནག་ནང་བསྐྱར་བཅོས་དང་དེང་རབས་ཅན་དུ་བསྒྱུར་རྒྱུའི་ཚད་ཇེ་མཐོར་སོང་བ་དང་དུས་མཚུངས་སུ་འཛམ་གླིང་གི་སྡིངས་ཆའི་ཐོག་ལ་རྒྱ་ནག་གི་གདེངས་ཚོད་དང་ནུས་ཤུགས་ཆེ་རུ་སོང་ཡོད་སྐོར་འདུག
རྒྱ་ནག་མང་ཚོགས་དཀྱུས་མ་ཚོས་ཞི་ཅི་ཕིང་ལ་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་པའི་གནས་ཚུལ་ཡང་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།