རྒྱ་ནག་ལ་ཁ་གཏད་གཅོག་པའི་ཆེད། ཨ་རིའི་མཚོ་དམག་གི་“དྲག་ཤུགས་ཆེ་རུ་”གཏོང་རྒྱུ།

ཨ་རིའི་དམག་གིས་རྒྱལ་སྤྱིའི་ཁྲིམས་ལམ་གཏོར་བཤིག་གཏོང་མཁན་རྒྱ་ནག་ལ་ཁ་གཏད་གཅོག་པའི་ཆེད་དུ་མཚོ་དམག་གི་“དྲག་ཤུགས་ཆེ་རུ་”གཏོང་གི་ཡིན་པའི་བརྡ་བཏང་འདུག 

ཕྱི་ཟླ་༡༢ ཚེས་༡༨ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་སྲུང་ལས་ཁུངས་ནས་སྙན་ཐོ་གསར་པ་ཞིག་བཏོན་པའི་ནང་། རྒྱ་ནག་དང་རཱ་ཤི་ཡས་གཙོས་པའི་རྒྱལ་ཁབ་འགའ་ཤས་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོ་ལྟ་བུའི་“གལ་གནད་ཀྱི་ས་ཁུལ་ཁག་ཏུ་སྟོབས་ཤུགས་འགྲན་རྩོད་བྱས་ཏེ། ད་ལྟའི་འཛམ་གླིང་གི་ལམ་ལུགས་ལ་གཏོར་བཤིག་གཏོང་ཐབས་བྱེད་ཀྱི་ཡོད་”པས། དེ་ལ་ཁ་གཏད་གཅོག་ཆེད་ཨ་རིའི་མཚོ་དམག་གི་དམག་ཤེད་དང་དྲག་ཤུགས་ཆེ་རུ་གཏོང་དགོས་ཚུལ་འཁོད་ཡོད་འདུག

ཨ་རིའི་མཚོ་དམག་གི་ཡིག་ཆ་གསར་པ་དེའི་ནང་། “ང་ཚོའི་ཕྱོགས་གང་སར་ཡོད་པའི་མཚོ་དམག་གིས་ཉིན་ལྟར་རྒྱ་ནག་དང་རཱ་ཤི་ཡའི་དམག་གྲུ་ལ་གདོང་ཐུག་བྱེད་དགོས་ཀྱི་ཡོད་”ཅེས་རྒྱ་ནག་གི་ཇེ་ཆེར་འགྲོ་བཞིན་པའི་དམག་ཤུགས་སྐོར་འཁོད་པ་མ་ཟད། རྒྱ་ནག་ད་ལྟའི་ཆར་“ཛ་དྲག་ཆེ་ཤོས་དང་། ཕུགས་ལ་ཉེན་ཁ་ཆེ་ཤོས་རེད་”ཅེས་འཕྲལ་ཕུགས་གཉིས་ཀའི་ཐོག་ནས་ཨ་རི་དང་ཨ་རིའི་དབང་ཤུགས་ལ་ཉེན་ཁ་སྤྲོད་མཁན་དེ་རྒྱ་ནག་ཡིན་པའི་ངོས་འཛིན་བྱས་ཡོད་འདུག 

རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་ཆགས་པའི་གླིང་ཕྲན་ཚང་མ་རྒྱ་ནག་ལ་དབང་བའི་ཧམ་བཤད་བྱས་ཏེ་མཚོ་གླིང་ཡོངས་རྫོགས་དབང་འོག་ཏུ་བསྡུ་ཐབས་བྱེད་ཀྱི་ཡོད་པར་བརྟེན། ཝི་ཊི་ནཱམ་(Vietnam)དང་། མཱ་ལ་ཤི་ཡ། (Malaysia) ཧྤི་ཕིད་ཕན་(Phippines) ལྟ་བུའི་ཉེ་འཁོར་གྱི་རྒྱལ་ཁབ་ཚོས་རྒྱ་ནག་ལ་འཐབ་རྒོལ་གྱི་འབད་བརྩོན་བྱེད་ཀྱི་ཡོད།

རྒྱ་ནག་གི་བཙན་ཤེད་ལ་ཁ་གཏད་གཅོག་པ་དང་། “རྒྱལ་སྤྱིའི་མཚོ་འགྲུལ་གྱི་རང་དབང་སྲུང་སྐྱོབ་”བྱེད་པའི་ཆེད། ཨ་རིས་ལྷོ་རྒྱ་ནག་རྒྱ་མཚོ་ལྟ་བུའི་གལ་གནད་ཀྱི་མཚོ་ཁུག་ཁག་ཏུ་མཚོ་དམག་བཏང་ནས་ལྟ་སྲུང་བྱེད་ཀྱི་ཡོད་ཅིང་། ཨ་རི་དང་རྒྱ་ནག་བར་གྱི་གདོང་ཐུག་གསར་ཤོས་དེ་ད་ལོའི་ཕྱི་ཟླ་༨ པའི་ནང་བྱུང་བ་དང་། སྐབས་དེར་པེ་ཅིང་གིས་ཨ་རིའི་མཚོ་དམག་མཐར་སྐྲོད་བཏང་བ་ཡིན་སྐོར་བསྒྲགས།

ཨ་རིའི་མཚོ་དམག་གིས་“སྔོན་ཆད་ང་ཚོའི་བྱ་སྤྱོད་དེ་གདོང་ཐུག་མི་ཡོང་ཐབས་དང་། གདོང་ཐུག་ཡོང་སྐབས་གཡོལ་ནས་ཉེན་ཁ་ཆུང་དུ་གཏོང་ཐབས་བྱེད་རྒྱུ་དེ་ཡིན་”ན་ཡང་།  ཐབས་བྱུས་དེའི་དབང་གིས་ས་ཁོངས་ཕར་འཆོར་བཞིན་ཡོད་སྟབས། རྗེས་སུ་དེ་ལྟར་མི་བྱེད་པར་“དྲག་ཤུགས་ཆེ་རུ་”གཏོང་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་འདུག 

རྒྱལ་སྤྱིའི་ཆབ་སྲིད་དང་འབྲེལ་ལམ་ཉམས་ཞིབ་པ་འགའ་ཤས་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོ་ནི་རྩོད་རྙོག་དང་དམག་ཁྲུག་ཆེན་པོ་ཞིག་གི་རྒྱུ་རུ་འགྱུར་ངེས་པའི་ཚོད་དཔག་དང་ཡིད་ཆེས་བྱེད་ཀྱི་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།