རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་དུས་ཤར་ཚེ་ཨ་རིས་གྲ་སྒྲིག་ཡིན།

ང་ཚོས་གང་ཐུབ་ཀྱིས་མཉམ་འབྲེལ་བྱེད་རྒྱུ་ཡིན། འོན་ཀྱང་། མཉམ་འབྲེལ་མ་བྱུང་ནས་ཁ་གཏད་གཅོག་དགོས་པའི་དུས་ཤར་ཚེ་ང་ཚོས་གྲ་སྒྲིག་ཡིན་ཞེས་ཨ་རིའི་ཞི་བདེ་རྒྱ་མཚོའི་མཚོ་དམག་སྡེ་ཚན་གྱི་འགོ་པས་བརྗོད་ཡོད་འདུག

15451287_1352445934779272_445249745_nདེ་ཡང་། ཟླ་འདིའི་ཕྱི་ཚེས་༡༤ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་འཁོད་གསལ་ལྟར་ན། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་འདབས་འབྲེལ་གྱི་ས་ཁོངས་ཚད་ལས་བརྒལ་བ་བཟུང་ཐོག་རྒྱ་བསྐྱེད་བཏང་དང་གཏོང་བཞིན་པ་ཡིན་པས། དེར་ཨ་མི་རི་ཁས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཡོད་ཅེས་ཨ་རིའི་ཞི་བདེ་རྒྱ་མཚོའི་མཚོ་དམག་སྡེ་ཚན་གྱི་འགོ་པ་ཨེ་ཌི་མི་རོལ་ཧེ་རིས་ཧ་རི་སིན་གྱིས་ཟླ་འདིའི་ཕྱི་ཚེས་༡༤ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིད་ཌི་ནིས་ལས་རེའུ་ཊེར་གསར་ཁང་ལ་བརྗོད་ཡོད་འདུག ཁོང་གི་སྐད་ཆ་དེ་ནི་ཉེ་ལམ་ཨ་རིའི་བདམས་ཐོན་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱེད་ཕྱོགས་ལ་བརྟེན་ནས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ཐད་དངངས་འཚབ་སྐྱེ་བཞིན་ཡོད་ཐོག མེ་ཁར་སྣུམ་བླུགས་པ་ལྟ་བུ་རུ་གྱུར་ནས་དངངས་འཚབ་འཕར་མ་བྱེད་བཞིན་ཡོད་འདུག

སྤྱིར་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་བྷུ་རུ་ནེ་དང་། མ་ལེ་ཤི་ཡ། ཧྥི་ལི་པིན། ཐེ་ཝན། ཝེ་ཏི་ནམ་བཅས་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁོངས་ཀྱི་ཆ་ཤས་རེ་སོ་སོར་དབང་གི་ཡོད་སྐོར་བཤད་བཞིན་ཡོད་ཀྱང་། ཐོན་ཁུངས་ཀྱིས་ཕྱུག་པའི་ས་ཁོངས་ཕལ་མོ་ཆེ་རྒྱ་ནག་གིས་ཁོ་རང་ཚོའི་ཡིན་ཚུལ་བསྐྱར་བཤད་ཡང་བཤད་བྱེད་བཞིན་ཡོད་པ་མ་ཟད། ལྷོ་རྒྱ་ནག་རྒྱ་མཚོ་ནས་ལོ་རེར་ཨ་སྒོར་ཐེར་འབུམ་ཆེན་པོ་༥ ཡི་ཐོན་ཁུངས་ཀྱི་ཚོང་རྫས་གྲུ་གཟིངས་བརྒྱུད་དབོར་འདྲེན་བྱེད་ཀྱི་ཡོད་འདུག

འདི་ལོའི་ལོ་མགོར་ཧེ་གྷི་རུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བར་འདུམ་ཁྲིམས་ཁང་གིས་ཐག་གཅོད་ནང་། ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ལམ་དང་འབྲེལ་བའི་མངའ་ཁོངས་ཕལ་མོ་ཆེ་རྒྱ་ནག་ཁོ་རང་ཚོ་རང་ལ་དབང་གི་ཡོད་ཅེས་པ་དེ་བདེན་པ་མིན་པའི་ཐག་གཅོད་བྱས་ཡོད་པས། དེར་རྒྱ་ནག་གི་ཕྱོགས་ནས་གུས་བརྩི་བྱེད་དགོས་ཞེས་ཨ་མི་རི་ཁས་འབོད་སྐུལ་བྱས་ཡོད་འདུག་ཀྱང་། རྒྱ་ནག་གི་ངོས་ནས་བཙན་ཤེད་ཀྱི་རྣམ་པའི་ཐོག་ནས་མུ་མཐུད་ནས་མངའ་ཁོངས་རྒྱ་བསྐྱེད་བཏང་དང་གཏོང་བཞིན་ཡོད་པ་རེད།
ཨ་རིའི་ཞི་བདེ་རྒྱ་མཚོའི་མཚོ་དམག་སྡེ་ཚན་གྱི་འགོ་པ་ཨེ་ཌི་མི་རོལ་ཧེ་རིས་ཧ་རི་སིས་བརྗོད་དོན་དུ། “ལྷོ་རྒྱ་ནག་རྒྱ་མཚོའི་ནང་བཅོས་མའི་གླིང་ཕྲན་ག་ཚོད་བཟོས་མིན་ལ་མ་ལྟོས་པར། ང་ཚོའི་ངོས་ནས་རྒྱལ་ཁབ་འགའ་ཞིག་ཐུན་མོང་ལ་དབང་བའི་རྒྱ་མཚོ་འདི་རྒྱལ་ཁབ་གཅིག་ལ་དབང་བ་བཟོ་འཇུག་གི་མིན་” ཞེས་དང་། “ང་ཚོས་གང་ཐུབ་ཀྱིས་མཉམ་འབྲེལ་བྱེད་རྒྱུ་ཡིན། འོན་ཀྱང་། མཉམ་འབྲེལ་མ་བྱུང་ནས་ཁ་གཏད་གཅོག་དགོས་པའི་དུས་ཤར་ཚེ་ང་ཚོས་གྲ་སྒྲིག་ཡིན་” ཞེས་བརྗོད་ཡོད་འདུག

ཨ་རིས་རོབ་རྩིས་བྱས་ནས་བརྗོད་པ་ལྟར་ན། འདས་པའི་ལོ་ངོ་གསུམ་གྱི་ནང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཁོ་རང་ཚོའི་མངའ་ཁོངས་ཨེག་ཀ་༣༢༠༠ ཙམ་རྒྱ་བསྐྱེད་བཏང་ཡོད་པའི་གནས་ཚུལ་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།